Sunday, June 2, 2013

ཕ་རན་སིའི་ཡི་གེ་ནས་བསྒྱུར་བའི་སྙན་ངག་ཚན་པ་གསུམ།
ཁི་ལེ་མཱང་མ་རོ་སོགས།
      ཨན་གྱིས་ཁ་བས་གཞུས་པའི་སྐོར།
                          ཁི་ལེ་མཱང་མ་རོ་ཡིས་བརྩམས།
ཨན་གྱིས་ཀུ་རེ་བརྩེས་ནས་ང་ལ་ནི།
གྲང་རེག་ལྡན་འོས་ཁ་བ་རྡོག་པོས་གཞུས།
ཡིན་ཡང་ང་ནི་གློ་བུར་མེ་འབར་ནས།
ཁ་བ་ལ་ཡང་དྲོད་ཀྱི་འདུ་ཤེས་རྙེད།
མེ་ནི་གསང་བས་ཁ་བར་ཞུགས་པས་ན།
ང་ནི་མི་འབར་གནས་ས་རྙེད་འགྱུར་རམ།
ཨན་ལགས་ཁྱོད་ཀྱི་མཉེས་གཤིན་ཁོ་ན་ཡིས།
ང་ལ་འབར་བའི་ཚ་གདུང་བཅིལ་ནུས་ཏེ།
ཐབས་ནི་ཆུ་དང་གངས་དང་ཆབ་རོམ་མིན།
ང་ཡི་མེ་དང་རིགས་མཚུངས་དེ་ཡིས་སོ།
   སྒྱུར་མཁན་གྱི་མཆན།
༡ ཨན་ཟེར་པ་ནི་བུ་མོ་ཞིག་གི་མིང་ངོ༌།།
༢ རྩོམ་པ་པོ་ཁི་མེ་མཱང་མ་རོ(1496—1544)ནི་སྐབས་ཤིག་གི་ཧྥ་རན་སེའི་རྒྱལ་པོ་ཧྥ་རན་སོ་ཝ་ཟི་དང་པོ(Francois Premier)ཞེས་
བྱ་བའི་སྐུ་འཁོར་བ་ཞིག་ཡིན་ལ། ཕྱིས་སུ་རྒྱལ་བློན་སྐུ་དྲག་ཚོས་ཁོང་ཡེ་ཤུའི་ཆོས་ལུགས་ཀྱི་བསྒྱུར་བཅོས་ལས་འགུལ་ལ་ཞུགས་གནང་པར་
དོགས་པ་ཟོས་རྐྱེན། དབྱི་ཏ་ལིའི་རྒྱལ་ཁབ་ཏུ་སྐྱབས་བཅོལ་གནང་ནས་བཞུགས་ཤིང་སྐུ་རྐྱང་ངང་ཡུལ་དེར་དགོངས་པ་རྫོགས་པ་རེད།
ཁོང་གི་བརྩམས་ཆོས་ནི། ཁ་གསལ་ཞིང་གསར་གཏོད་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་པས། ཧྥ་རན་སེའི་སྙན་ངག་པ་གྲགས་ཅན་རྣམས་
ཀྱིས་བསྟོད་བསྔགས་བཏང་དང་གཏོང་གིན་པ་ཞིག་ཡིན་འདུག
     (ཆོས་ཉིད་དབང་མོས་ཧྥ་རན་སེའི་ཡི་གེ་ནས་བསྒྱུར་པ་དང༌། ལྗང་བུས་བོད་ཡིག་གི་འགྱུར་ལ་བཟོ་བཅོས་ཕྲན་བུ་བྱས)

          ༼ མཚན་མོར་བཀག་རྒྱ་བསྡམས་པ།༽
               པོལ་ཨེ་ལུས་ཨར་གྱིས་བརྩམས།
སྒོ་ལ་སྒོ་སྲུང་བཞག་བཞག          ཐབས་ཤེས་ཡོད་རེད་པས།
སྒོ་ལ་སྒོ་ལྕགས་བརྒྱབ་བཞག        ཐབས་ཤེས་ཡོད་རེད་པས།
ཁྲོམ་དང་ལམ་ག་བཀག་བཞག      ཐབས་ཤེས་ཡོད་རེད་པས།
གྲོང་ཁྱེར་བཙན་བཟུང་བྱས་བཞག  ཐབས་ཤེས་ཡོད་རེད་པས།
གྲོང་ཁྱེར་ལྟོགས་ཀྱིས་མནར་བཞག  ཐབས་ཤེས་ཡོད་རེད་པས།
ང་ཚོའི་མཚོན་ཆ་ཤོར་བཞག        ཐབས་ཤེས་ཡོད་རེད་པས།
མཚན་གྱི་ཡོལ་བ་བརྒྱབ་བཞག      ཐབས་ཤེས་ཡོད་རེད་པས།
ང་གཉིས་ལུས་འབྲེལ་བྱུང་སོང༌།     ཐབས་ཤེས་ཡོད་རེད་པས།
    སྒྱུར་མཁན་གྱི་མཆན།
  ༡ སྙན་ངག་འདི་དབུས་སྐད་དང་བསྟུན་ནས་བསྒྱུར་ཡོད་ལ། འདི་ལ་ཐབས་ཤེས་ཡོད་རེད་པས་ཞེས་པ་ནི་ཧྥ་རན་སེའི་སྐད་ལ"Que
 voulez-vous?"ཞེས་པ་དེ་ཡིན་པར། དེའི་ཚིག་རིས་ཀྱི་དོན་ནི"ཁྱེད་རང་ལ་ག་རེ་དགོས་ཀྱིན་ཡོད"ཅེས་པའི་དོན་ཡིན་མོད། བོད་སྐད་
ནང་ལ"ཐབས་ཤེས་ག་རེ་འདུག"ཅེས་དང༌།"ཐབས་ཤེས་འདུག་གས།""ཐབས་ཤེས་མི་འདུག"སོགས་འཇུག་ཚུལ་དུ་མ་ཡོད་འདུག
  ༢ སྙན་ངག་འདི་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་ལངས་ནས་འཇར་མན་དམག་མིས་ཧྥ་རན་སེའི་ཡུལ་ལུང་ལ་བཙན་འཛུལ་
བྱས་པའི་དུས་ཀྱི་གནས་ཚུལ་དང་སེམས་ཁམས་བྲིས་ཡོད་པ་ཞིག་ཡིན་པར། ཀློག་པ་པོ་ལྷན་རྒྱས་ནས་ཀྱང་ཁོར་ཡུག་དེ་ལ་མཉམ་
བཞག་གིས་གཟིགས་ཀློག་མཛད་ན་གོ་བ་ཆེ་རུ་བསྐྱེད་ཐུབ་སྙམ།
        (ཆོས་ཉིད་དབང་མོ་དང་ལྗང་བུས་ཧྥ་རན་སེའི་ཡི་གེ་ནས་བསྒྱུར)
              རྗོར་རྗིས་ཡ།
                       ཧྥི་ལེབ་སུ་པོ་ཡིས་བརྩམས།
ང་ཡི་གཉིད་ཀྱི་བདེ་བ་བཅོམ་སོང༌།                            རྗོར་རྗིས་ཡ།
ང་ཡིས་མཚན་མོའི་ཁྲོད་ལ་མདའ་མོ་འཕེན་གྱིན་ཡོད།       རྗོར་རྗིས་ཡ།
ངས་རིང་ནས་བསྒུག་བསྡད་ཡོད།                               རྗོར་རྗིས་ཡ།
ངས་བསམ་བློ་གཏོང་གིས་ཡོད།                                 རྗོར་རྗིས་ཡ།
མེ་ནི་ཁ་བ་རང་རེད།                                            རྗོར་རྗིས་ཡ།
མཚན་མོ་ནི་ངའི་ཁྱིམ་མཚེས་མ་དེ་རེད།                      རྗོར་རྗིས་ཡ།
ངས་སྟོང་གསུམ་གྱི་སྒྲ་ལ་ཉན་གྱིན་ཡོད།                      རྗོར་རྗིས་ཡ།
དུ་བ་གྱེན་དུ་འགྲོ་བཞིན་པ་མཐོང་གི                         རྗོར་རྗིས་ཡ།
མུ་ནག་ཁྲོད་ང་རང་འཇབ་ཀྱིན་འགྲོ་བཞིན་ཡོད།           རྗོར་རྗིས་ཡ།
ང་རང་རྒྱུག་གིན་རྒྱུག་གིན་སྲང་ལམ་ལ་བསླེབས་སོང༌།   
གྲོང་ཁྱེར་འདབས་རོལ་ལ་བསླེབས་སོང༌།                     རྗོར་རྗིས་ཡ།
གྲོང་ཁྱེར་དེ་སྔོན་མ་ནང་བཞིན་རེད་དེ།                 
ཡིན་ན་ཡང༌།  ང་ལ་ཆ་རྒྱུས་ཡེ་ནས་མེད།                   རྗོར་རྗིས་ཡ།
ངས་གོམ་ཁ་མགྱོགས་བཏང་བར།    
ལྷགས་པ་རྒྱག་གིན་འདུག                                    རྗོར་རྗིས་ཡ།
ང་ཡིས་དབེན་སིམ་གྱི་གྲང་ངར་ཚོར་ཞིང༌།
ང་ལ་འཇིགས་སྣང་གིས་འབོད་བརྡ་གཏོང་གིན་འདུག    རྗོར་རྗིས་ཡ།
ང་འགྲོ་བཞིན་ཡོད།                                           རྗོར་རྗིས་ཡ།
ང་རྒྱུག་གིན་ཡོད།                                             རྗོར་རྗིས་ཡ།
སྤྲིན་པ་དམའ་མོ་དེ་གས་གཏོར་བྱུང་ནས་
མར་ལྷུང་གྲབས་འདུག                                       རྗོར་རྗིས་ཡ།
ངས་ལག་པ་བརྐྱངས་ཀྱིན་ཡོད།                             རྗོར་རྗིས་ཡ།
མིག་ཟུང་མ་བཙུམས་པའི་ངང་་་་                           རྗོར་རྗིས་ཡ།
འབོད་བརྡ་གཏོང་གིན་གཏོང་གིན་་་་་                     རྗོར་རྗིས་ཡ།
ངས་ཁྱེད་ཀྱི་མིང་དེ་འབོད་ཀྱིན་འབོད་ཀྱིན་་་་་་་          རྗོར་རྗིས་ཡ།
ཁྱེད་རང་ཕེབས་ཀྱི་ཡིན་ནམ།                                རྗོར་རྗིས་ཡ།
མགྱོགས་པོར་གྱིས།                                            རྗོར་རྗིས་ཡ།
རྗོར་རྗིས་ཡ།        རྗོར་རྗིས་ཡ།                             རྗོར་རྗིས་ཡ།
ང་ཡི་གཉིད་ཀྱི་བདེ་བ་བཅོམ་སོང༌།                         རྗོར་རྗིས་ཡ།
ངས་ཁྱེད་ལ་བསྒུག་བསྡད་ཡོད།                              རྗོར་རྗིས་ཡ།
    སྒྱུར་མཁན་གྱི་མཆན།
   ༡རྗོར་རྗིས་ཡ(Geogia)ནི་དབྱི་ཏ་ལི་དང༌། ཕོར་ཐུ་རྒལ། སི་པན་སོགས་ཡུལ་ལུང་གི་བུད་མེད་ཀྱི་མིང་ཞིག་ཡིན།
                        (ཆོས་ཉིད་དབང་མོ་དང་ལྗང་བུས་ཧྥ་རན་སེའི་ཡི་གེ་ནས་བསྒྱུར)
རང་བྱུང་ཁམས་ཀྱི་དེབ་ཐེར།
ཇོ་ཝཧལ་ར་ནེ་རོ།


               གསལ་བཤད།  དེབ་འདི་ནི་ཕྱི་ལོ ༡༩༢༨ ལོའི་དབྱར་ཁར་རྒྱ་གར་གྱི་སྲིད་བློན་དང་པོ་ཇོ་ཝཧལ་ར་ནེ་རོ་ཡིས་ཁོང་གི་སྲས་མོ་ཨིན་ཌི་ར་གྷན་དི་ལ་བྲིས་པའི་འཕྲིན་ཡིག་ཕྱོགས་སྒྲིག་གི་དེབ་ཆུང་ཞིག་ཡིན།
               ཁྱེད་དང་བདག་མཉམ་དུ་ཡོད་དུས་ཁྱེད་ཀྱིས་རྟག་ཏུ་ང་ལ་བྱ་དངོས་མང་པོ་ཞིག་གི་སྐོར་དྲིས་ཤིང་ངས་ཀྱང་དེ་དག་ལ་ལན་འདེབས་ཐབས་བྱས་པ་ཡིན། དེང་སྐབས་ཁྱེད་ནིMussoorie ལ་སྡོད་པ་དང་ང་ནི Allahabad རུ་ཡོད་པས་ངེད་གཉིས་ཀྱི་གླེང་མོལ་དེ་དག་བྱེད་ཐབས་བྲལ། དེར་བརྟེན་ངས་ཁྱེད་ལ་བསྟུན་མར་འུ་ཅག་གི་གོ་ལ་འདི་དང་དབྱེ་སྡོད་བྱེད་པའི་རྒྱལ་ཁབ་ཆེ་ཆུང་མང་པོ་ཞིག་གི་ལོ་རྒྱུས་འགྲེལ་བརྗོད་ཐུང་ཐུང་རེ་འབྲི། ཁྱེད་ཀྱིས་དབྱིན་ཇི་དང་རྒྱ་གར་གྱི་ལོ་རྒྱུས་ཏོག་ཙམ་བཀླགས་མྱོང་ཡོད་པ་རེད། འོན་ཀྱང༌། དབྱིན་ཇི་ནི་གླིང་ཕྲན་ཆུང་ཆུང་ཞིག་ཁོ་ན་ཡིན་པ་དང་དེ་ལས་རྒྱ་གར་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ན་ཡང་འདི་ནི་སའི་གོ་ལ་ངོས་ཀྱི་ཆ་ཤས་ཆུང་ཆུང་འབའ་ཞིག་ཡིན། གལ་ཏེ་ང་ཚོས་རང་རེའི་འཛམ་གླིང་འདིའི་སྐོར་གྱི་ལོ་རྒྱུས་ཤེས་འདོད་ན་ཅིས་ཀྱང་ང་ཚོས་རྒྱལ་ཁབ་ཡོངས་རྫོགས་དང་དེར་བཅའ་སྡོད་བྱེད་པའི་མི་མང་ཚང་མའི་སྐོར་ལ་མནོ་བསམ་གཏོང་དགོས་པ་ལས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སའི་རྒྱལ་ཁབ་ཆུང་ཆུང་གཅིག་ཙམ་ལ་སེམས་ཐབས་མེད།
                   ངས་ཁྱོད་ལ་འཕྲིན་པ་འདི་དག་གི་ནང་དོན་གནད་ཉུང་ཙམ་ལས་འབྲི་མི་ཐུབ་པའི་བློ་དོགས་འདུག འོན་ཀྱང་བདག་གི་རེ་བར་གནད་དོན་ཉུང་ཤས་དེས་ཁྱེད་ལ་སྤྲོ་སྣང་སྐྱེད་རྒྱུ་དང་འཛམ་གླིང་ནི་ཧྲིལ་པོ་གཅིག་སྟེ་དེའི་ནང་འཚོ་སྡོད་བྱེད་པའི་མི་ཚང་མ་དང་འུ་ཅག་ནི་གཅེན་གཅུང་ངམ་མིང་སྲིང་ཡིན་པའི་གོ་རྟོགས་སྐྱེད་རྒྱུ་དེའོ། ཁྱེད་ཉིད་འཚར་ལོངས་བྱུང་རྗེས་རིམ་བཞིན་དེབ་ཐེར་མཐུག་པོ་དེ་དག་ལས་སའི་གོ་ལ་དང་དེར་འཚོ་སྡོད་བྱེད་པའི་མི་རྣམས་ཀྱི་ལོ་རྒྱུས་ཀློགས་དང་དེས་ཁྱེད་ཀྱིས་བཀླགས་མྱོང་ཡོད་པའི་གཏམ་རྒྱུད་དམ་བརྩམས་སྒྲུང་དག་ལས་ཆེས་ལྷག་པའི་དང་བ་སྟེར་ངེས།
ཁྱེད་ཀྱིས་ཤེས་གསལ་བཞིན་རང་རེའི་སའི་གོ་ལ་འདི་ནི་བགྲང་བྱ་སྟོང་ཕྲག་མང་པོ་ལོན་པའི་ཧ་ཅང་གི་བགྲེས་པོ་ཞིག་ཡིན་པ་དང༌། དུས་ཡུན་རིང་པོ་ཞིག་ལ་དེར་སྐྱེས་པ་དང་བུད་མེད་སུ་ཡང་འཚོ་སྡོད་བྱེད་མྱོང་མེད། འགྲོ་བ་མིའི་རིགས་མ་བྱུང་བའི་སྔ་རོལ་ཏུ་དེར་སེམས་ཅན་གཅིག་པུ་གནས་པའི་དུས་རབས་ཤིག་དང༌། སེམས་ཅན་གྱི་རིགས་མ་བྱུང་བའི་སྔ་རོལ་ཏུ་དེར་སྲོག་ལྡན་རིགས་གཅིག་ཀྱང་གནས་མ་མྱོང་བའི་དུས་རབས་ཤིག་བྱུང་བ་རེད། དེང་སྐབས་མིའི་རིགས་དང་སེམས་ཅན་གྱི་རིགས་སྣ་ཚོགས་ཀྱིས་ཁེངས་པའི་རང་རེའི་འཛམ་གླིང་འདི་ཡི་ནང་དེ་དག་གཅིག་ཀྱང་མེད་པའི་དུས་སྐབས་དེ་ཅི་འདྲ་ཞིག་ཡིན་པ་ནི་དཔག་དཀའ་བ་ཞིག་ཡིན་མོད། ཚན་རིག་པ་དང་དངོས་པོའི་གནས་ལུགས་ལ་རྟོག་ཞིབ་དང་མནོ་བསམ་བྱེད་མཁན་ཚོས་འུ་ཅག་ལ་ས་སྒང་གི་ཁམས་འདིའི་དྲོད་ཚད་ཧ་ཅང་མཐོ་པས་སྲོག་ལྡན་རིགས་གཅིག་ཀྱང་འཚོ་གནས་མི་ཐུབ་པའི་དུས་སྐབས་ཤིག་བྱུང་མྱོང་བ་འགྲེལ་བརྗོད་བྱེད་བཞིན་ཡོད། དེ་བཞིན་གལ་སྲིད་ང་ཚོས་ཁོང་རྣམས་ཀྱི་དཔྱད་གཞིའི་དེབ་ཐེར་དག་བཀླགས་ཏེ་བྲག་རྡོ་དང་འགྱུར་རྡོ་རིགས་ལ་རྟོག་ཞིབ་བྱས་པ་ན་ང་ཚོ་རང་ངོས་ནས་ཀྱང་དེ་ནི་དངོས་གནས་ཤིག་ཡིན་པ་དཔོགས་ཐུབ།
ཁྱེད་ཀྱིས་དཔེ་དེབ་དག་ལས་ལོ་རྒྱུས་ཀློག་བཞིན་ཡོད་པ་རེད། འོན་ཀྱང་མིའི་འགྲོ་བ་མ་བྱུང་བའི་ཆེས་གདོད་མའི་དུས་སུ་དཔེ་དེབ་ཞེས་པ་ནི་ཅིས་ཀྱང་འབྲི་ཐབས་བྲལ་བ་ཞིག་ཡིན་ན། ང་ཚོས་སྐབས་དེར་ག་རེ་བྱུང་མིན་ཇི་ལྟར་དཔག འུ་ཅག་གིས་རང་དགར་རྟོག་བཟོ་ཙམ་བྱེད་བསྡད་ན་མི་རིགས། སྤྱིར་བཏང་ང་ཚོས་དྲན་སྣང་དུ་ཅི་ཤར་དང་གང་འདོད་རྟོག་བཟོ་བྱས་ཏེ་ཆེས་ཡིད་དུ་འོང་ཞིང་ངོ་མཚར་ཆེ་བའི་ལྷ་སྒྲུང་རིགས་རྩོམ་པ་ནི་ཧ་ཅང་གི་དང་སྣང་འདྲེན་པ་ཞིག་ཡིན་མོད། དེ་ནི་ང་ཚོས་མངོན་སུམ་དུ་མཐོང་བའི་དོན་གནས་གང་ལའང་གཞི་བཞག་མེད་པས་དེར་ངེས་པར་དུ་བདེན་ཁུངས་དགོས་ངེས་སུ་གྱུར་ཡོད་པ་མ་རེད། འོན་ཀྱང་ང་ཚོར་ཆེས་ཡ་ཐོག་གི་དུས་སྐབས་དེར་བྲིས་པའི་དེབ་ཐེར་རིགས་མེད་ན་ཡང༌། འུ་ཅག་གི་བགོ་སྐལ་དུ་ཐོབ་པའི་བྱ་དངོས་ཁག་ཅིག་གིས་གནས་ཚུལ་འབོར་ཆེན་ཞིག་དཔེ་དེབ་ཇི་བཞིན་འགྲེལ་བརྗོད་ཞིབ་གསལ་བྱེད་བཞིན་ཡོད། ང་ཚོ་ལ་བགྲང་ཡས་པའི་བྲག་རྡོ་དང་རྫ་རི། མཚེའུ་དང་རྒྱུ་སྐར། གཙང་པོ་དང་བྱེ་ཐང༌། གདོད་མའི་སྲོག་ཆགས་ཀྱི་འགྱུར་རྡོ་སོགས་ཡོད་པ་འདི་དག་དང་གཞན་བྱ་དངོས་མང་པོ་ཞིག་ནི་རང་རེའི་སའི་གོ་ལའི་སྔ་རབས་ལོ་རྒྱུས་ཀྱི་དེབ་ཐེར་ཡིན། དེ་ཡི་ལོ་རྒྱུས་རྟོགས་པའི་ཐབས་ལམ་དངོས་ནི་གཞན་གྱིས་བརྩམས་པའི་དེབ་ཐེར་དག་ཀློག་པ་ཙམ་མིན་པར་རང་བྱུང་ཁམས་ཀྱི་དེབ་ཐེར་ཆེན་མོ་འདི་ཉིད་བཀླག་རྒྱུའོ།། བདག་གི་རེ་བ་ནི་ཁྱེད་ཀྱིས་མི་འགྱངས་པར་བྲག་རྡོ་དང་རི་རྒྱུད་དག་ལས་ལོ་རྒྱུས་དེ་ཇི་ལྟར་ཀློག་པར་སྦྱངས་རྒྱུའི་འགོ་རྩོམ་རྒྱུ་དེ་ཡིན། ཁྱེད་ཀྱིས་མཐོང་བའི་རྐང་ལམ་ནང་ངམ་རི་ཟུར་དུ་བརྡལ་བའི་རྡེའུ་ཡོད་དོ་ཅོག་ནི་རང་བྱུང་ཁམས་ཀྱི་དེབ་ཐེར་ཆེན་མོའི་ནང་གི་ཤོག་ལྷེ་རེ་རེ་ཡིན་ལ། གལ་སྲིད་ཁྱེད་ཀྱིས་དེ་དག་བཀླག་ཐབས་ཤེས་སོང་ན་དེས་ནི་ཁྱོད་ལ་བྱ་དངོས་མང་པོ་ཞིག་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་འཆད་ངེས། ཧིན་རྡུ་དང་ཨུར་ཏུའུ། ཡང་ན་དབྱིན་ཡིག་སོགས་སྐད་ཡིག་གང་འདྲ་ཞིག་ཡིན་ཡང་ཐོག་མར་དེ་ཀློག་ཐུབ་པར་ངེས་པར་དུ་སྐད་ཡིག་དེའི་དབྱངས་གསལ་ལ་སྦྱངས་དགོས་པ་ལྟར། ཁྱེད་ཀྱིས་རྡོ་དང་བྲག་རི་སོགས་རང་བྱུང་ཁམས་ཀྱི་དེབ་ཐེར་དག་ལས་དེ་ཡི་ལོ་རྒྱུས་བཀླག་རྒྱུའི་སྔོན་ལ་ངེས་པར་ཏུ་རང་བྱུང་ཁམས་ཀྱི་དབྱངས་གསལ་སྦྱངས་དགོས། གཅིག་བྱས་ན་ཁྱེད་ཀྱིས་ད་ལྟ་ནས་དེ་ཇི་ལྟར་བཀླག་རྒྱུའི་སྐོར་ཤེས་ངེས། ཁྱེད་ཀྱིས་ཟླུམ་ཞིང་འོད་མདངས་འཚེར་བའི་ཆུ་རྡེའུ་ཆུང་ཆུང་ཞིག་ལ་ལྟོས་དང༌། དེས་ཁྱེད་ཉིད་ལ་རྒྱུ་མཚན་འགྲེལ་བརྗོད་བྱེད་ཀྱིན་མི་འདུག་གམ། ཅི་འདྲ་བྱས་ནས་ཆུ་རྡེའུ་ཆུང་ཆུང་དེ་མཆོག་སོགས་གང་ཡང་མེད་པའི་སྒོར་དབྱིབས་དང་འཇམ་ཤ་དོད་པོ། འོད་མདངས་ཅན་ཞིག་ཆགས་པ་ཡིན་ནམ། གལ་སྲིད་ཁྱེད་ཀྱིས་རྡོ་བ་ཆེན་པོ་ཞིག་ཆག་ཧྲུགས་སུ་བཏང་བ་ཡིན་ན་དེ་ཡི་ཆ་ཤས་ཆུང་ཆུང་རེ་ནི་རྩུབ་ལ་ཟུར་ངོས་དང་མཆོག་སོགས་མི་སྙོམས་པ་རེ་ཡིན་ངེས། དེ་ནི་སྒོར་ཞིང་འཇམ་པའི་ཆུ་རྡེའུ་ཆུང་ཆུང་རེ་དང་ཡེ་ནས་མི་འདྲ། གང་འདྲ་བྱས་ནས་ཆུ་རྡེའུ་ཆུང་ཆུང་དེ་སྒོར་ཞིང་འཇམ་ལ་འོད་མདངས་ཅན་ཞིག་ཆགས་པ་རེད། གལ་སྲིད་ཁྱོད་ལ་དེར་དཔྱད་པའི་རྣམ་དཔྱོད་ཚད་ལྡན་ཞིག་ཡོད་ན་དེས་ནི་ཉིད་ལ་དེ་ཡི་ལོ་རྒྱུས་འཆད་ངེས་སོ།། དེས་ནི་ཁྱོད་ལ་འདི་ལྟར་འཆད་ཀྱི་ཡོད་དེ། དུས་ཡུན་ཤིན་ཏུ་རིང་པོ་འདས་པའི་སྔོན་ཆད་ཞིག་ལ་དེ་ནི་ཁྱེད་ཀྱིས་ཆག་ཧྲུགས་སུ་བཏང་ཞིང་ཟུར་དང་མཆོག་མགོ་མང་པོ་ཡོད་པའི་རྡོ་བ་ཡི་ཆ་ཤས་ཆུང་ཆུང་ཞིག་ལྟ་བུའི་བྲག་རྡོའི་ཆ་ཆུང་ངུ་ཞིག་ཡིན་ལ། ཕལ་ཆེར་རི་ངོགས་སུ་བསྟི་གནས་བྱས་ཏེ་བསྡད་ཡོད། རྗེས་སུ་ཆར་ཆུ་ཡིས་བཤལ་འདེད་བྱས་ཏེ་རྫ་ཆུ་འབབ་པའི་གྲོག་ཤུར་ཕྲ་མོའི་གཤོང་དུ་བསྐྱལ་བ་དང་རྫ་ཆུ་ཡིས་དེ་བདས་ནས་རྒྱུགས་ཆུ་ཕྲ་མོའི་ཀློང་དུ་བསྐྱལ། རྒྱུགས་ཆུ་ཕྲ་མོས་དེ་ཆུ་ཀློང་ཆེན་པོའི་འཇིངས་སུ་འཁུར་པ་དང༌། རྒྱུན་ཆད་མེད་པར་ཆུ་གཏིང་ནས་འགྲེ་ལྡོག་བརྒྱབས་པས་དེ་ཡི་ཟུར་དང་ངོས་ཚང་མ་འཇམ་པོར་བསྙོམས་ཤིང་འོད་མདངས་འཚེར་བར་གྱུར་ཏེ། ད་གཟོད་ཁྱེད་ཀྱི་མཐོང་ཡུལ་དུ་གྱུར་བའི་ཆུ་རྡེའུ་འདི་གྲུབ་པ་ཡིན་ལ། གང་འཚམས་ཤིག་ནས་དེ་རྒྱུགས་ཆུས་ཤུལ་ཏུ་བསྐྱུར་ཙ་ན་ཁྱེད་ཀྱིས་རྙེད་ཐུབ་པ་བྱུང་བ་རེད། གལ་སྲིད་རྒྱུགས་ཆུས་མུ་མཐུད་དུ་ཁུར་བ་ན་དེ་ཇེ་ཆུང་ཇེ་ཆུང་དུ་གྱུར་ནས་མཐར་བྱེ་མའི་ཆ་ཤས་ཞིབ་ཞིབ་ཅིག་ཆགས་ངེས་ཤིང་བྱེ་རྡུལ་གྱི་སྤུན་གྲོགས་ཚོ་དང་མཉམ་དུ་བསྒྲིལ་ནས་མཚོ་འགྲམ་དུ་བྱིས་པ་ཚོས་བྱེ་མའི་ཕུང་པོ་ཡི་མཁར་རྫོང་བརྩིགས་ཏེ་རྩེད་མོ་རྩེད་སའི་འགྲམ་ཐང་མཚར་སྡུག་ལྡན་པ་ཞིག་བསྐྲུན་གྱི་ཡོད་པ་རེད།
                གལ་སྲིད་ཆུ་རྡེའུ་ཆུང་ཆུང་ཞིག་གིས་འདི་འདྲའི་འབོར་ཆེན་ཞིག་འཆད་ཐུབ་ཀྱི་ཡོད་ན། ང་ཚོས་བྲག་རྡོ་དང་རྫ་རི་ཡོད་ཚད། ད་དུང་རང་རེའི་མཐའ་སྐོར་གྱི་བྱ་དངོས་མང་པོ་ཞིག་ལས་ཇི་འདྲའི་མང་པོ་ཞིག་དཔོག་ཐུབ་ཨང༌།།
(བུདྡྷ་སྐྱབས་ཀྱིས་བསྒྱུར།)
པཎ་ཊི་ཏ་རམ་བྷ་ཡེ།
མི་གསལ།
       པཎ་ཊི་ཏ་རམ་བྷ་ཡེ་ནི་གཞན་ཕན་དགེ་སྒྲུབ་ཀྱི་བསམ་བློ་གཏོང་མཁན་རྒྱ་གར་བ་མང་པོའི་ཁྲོད་ཀྱི་གཅིག་ཡིན་ཞིང་། མོས་རང་ཉིད་ཀྱི་མི་ཚེ་དེ་རྒྱ་གར་གྱི་བུད་མེད་ཚོའི་མི་ཚེའི་གནས་སྟངས་ཡར་རྒྱས་ཀྱི་ཕྱོགས་སུ་བཏང་། སྤྱི་ལོ་༡༨༠༠གཡས་གཡོན་དུ། ཕ་མའི་གོ་སྒྲིག་གི་གཉེན་སྒྲིག་ནི་རྒྱ་གར་དུ་ཡོངས་ཁྱབ་ཏུ་གནས་པ་ཞིག་ཡིན་པ་དང་། བཙན་ཤེད་ཀྱི་སྒོ་ནས་གཉེན་སྒྲིག་བྱས་པའི་བུ་མོ་མང་བོ་ཞིག་ནི་ལོ་ན་དགུ་རུ་མ་གཏོགས་སོན་མེད་ནའང་སྐྱེས་པ་དར་མའམ་ཡང་ན་རྒན་འཁོག་ཅིག་གི་བཟའ་ཟླ་བྱེད་དགོས་ཤིང་། གཉེན་སྒྲིག་བྱེད་པའི་ཉིན་མོ་དེར་མ་གཏོགས་ཁོ་མོ་ཚོས་དོན་དག་དེ་ཚོའི་སྐོར་ཅི་ཡང་ཤེས་ཀྱི་མེད། ནམ་ཞིག་བུ་མོ་འདི་ཚོའི་ཁྱོ་བོ་ཤི་ནས་ཡུགས་ས་མར་གྱུར་པའི་སྐབས་སུ་མོ་རང་ཚོ་ད་དུང་བྱིས་པའི་གནས་སྐབས་སུ་ཡོད། ཡུགས་ས་གཞོན་ནུ་མ་འདི་ཚོའི་མི་ཚེ་ལ་བྲོ་བ་སྤུ་ཙམ་ཡང་མེད་ཅིང་། རྒྱ་གར་བ་གང་མང་ཞིག་གིས། བུད་མེད་འདི་ཚོར་སྐྱེ་བ་སྔོན་མ་དག་ཏུ་བསགས་པའི་སྡིག་སྒྲིབ་ཀྱིས་ཆད་པ་བཅད་པར་ཡིད་ཆེས་བྱེད། ཡུགས་ས་མ་གང་མང་ཞིག་ལ་གལ་སྲིད་བུ་རེ་ཡོད་ཚེ་སྡུག་བསྔལ་ཏོག་ཙམ་ཉུང་བར་འཕྲད་པ་སྟེ་བུ་ནི་བུ་མོ་ལས་རིན་ཐང་ཆེ་བར་བརྩི། ཡུགས་ས་མ་སུ་ཞིག་ལ་བུ་རེ་མེད་ཚེ་གང་ལྟར་ཁྲིམས་འགལ་གྱི་ལས་ཀ་བྱས་པ་ལྟ་བུར་བརྩི། གཤིན་པོའི་ནང་མི་ཚོས་ཡུགས་ས་མ་འདི་ཚོ་ཁང་བའི་ཟུར་ཁུག་ནག་ཁུང་ཡིན་ས་དེར་འཇོག་པ་དང་། ཉི་མ་རེ་ལ་བཟའ་བཏུང་ཚར་གཅིག་རེ་སྤྲོད་སྲོལ་མེད་པ་མ་ཟད། ད་དུང་ཉེས་རྡུང་གཏོང་བ་དང་ཁྱིམ་ཚང་གི་ལས་ཀ་ཡོད་ཚད་བྱེད་དུ་འཇུག་པས། ལོ་ན་གཞོན་པའི་ཡུགས་ས་མ་མང་པོ་ཞིག་གིས་འུ་ཐུག་ཐབས་ཟད་ཀྱི་མི་ཚེ་འཁྱོལ་ཐབས་བྲལ་ནས་རང་ཤི་རྒྱག་གིན་ཡོད་པ་ནི་ཧ་ལས་མི་དགོས་པ་ཞིག་རེད། པཎ་ཏི་ཏ་རམ་བྷ་ཡེས་ཆེས་ཐོག་མར་ཡུགས་ས་མ་འདི་ཚོར་རོགས་རམ་བྱེད་པའི་གོམ་སྟབས་ཤིག་སྤོས་པ་རེད། སྤྱི་ལོ་༡༨༨༨ལོར། རམ་བྷ་ཡེས་ཆེས་ཐོག་མའི་རྒྱ་གར་གྱི་ཡུགས་མོ་སྲུང་སྐྱོབ་ཁང་དབུ་བརྙེས་པར་བྱས་པ་རེད། པཎ་ཏི་ཏ་རམ་བྷ་ཡེ་ནི་སྤྱི་ལོ་༡༨༥༨ལོར་རྒྱ་གར་གྱི་རམ་བྷ་ཡེ་སྒྲུང་གི་རི་ཞེས་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོ་མོའི་ནང་མི་ནི་རྒྱ་གར་གྱི་རིགས་རུས་མཐོ་བ་ཞིག་ཡིན། ཁོ་མོའི་ཨ་ཕ་ཨ་ནནྡ་སྒྲུང་གི་རི་ཞེས་པ་ལོ་ཞེ་བཞིར་སོན་དུས་ཐོག་མའི་བཟའ་ཟླ་ཚེ་ལས་འདས། ཉིན་ཞིག་ཁོས་གཙང་བོའི་ནང་དུ་གཟུགས་པོ་འཁྲུད་སྐབས་མི་ཞིག་དང་འཕྲད་ཅིང་། མི་དེས་རང་གི་བུ་མོ་ལོ་ན་དགུ་རུ་སོན་པ་དེ་ཨ་ནནྡའི་མནའ་མར་བྱིན། ཨ་ནནྡས་མོ་རང་དང་མཉམ་དུ་གཉེན་སྒྲིག་བྱས་ཏེ་ཁོ་རང་གི་ཁྱིམ་དུ་ཁྲིད། ཨ་ནནྡ་ནི་དུས་སྐབས་དེའི་རྒྱ་གར་གྱི་སྐྱེས་པ་ཚོའི་ཁྲོད་ནས་མི་འདྲ་བ་ཞིག་ཡིན། ཁོ་ནི་སྐྱེས་པ་ཡོན་ཏན་ཅན་ཞིག་དང་དེང་རབས་ཀྱི་བསམ་བློ་དང་ལྡན་པ་ཞིག་ཡིན། ནམ་ཞིག་ཁོས་རང་གི་ལོ་ན་གཞོན་པའི་མནའ་མར་ཡོན་ཏན་སློབ་པ་དེ་ཁོའི་ནང་མི་དག་གིས་མཐོང་བའི་སྐབས། ཁོང་ཚོ་ཧང་སངས་ཧོན་འཐོར་དུ་གྱུར་ནས་ནང་མི་ཚང་མ་ཁོའི་ཁ་གཏད་དུ་ལངས། རྒྱུ་རྐྱེན་དེར་བརྟེན་ནས། ཨ་ནནྡས་རང་གི་བཟའ་ཟླ་ཁྲིད་ནས་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོ་བྱས་ཤིང་། ཁོས་དེ་རུ་གནས་སྐོར་བ་མང་པོ་སླེབས་སའི་མཆོད་ཁང་ཞིག་གི་ཉེ་འཁྲིས་སུ་སྡོད་ཁང་བརྩིགས། རམ་བྷ་ཡེ་ནི་གནས་སྤོ་དེའི་རྗེས་ཀྱི་ཅང་མ་འགོར་བའི་ལོ་ཟླའི་ནང་དུ་སྐྱེས། ཨ་ནནྡ་སྒྲུང་གི་རི་ཡིས་རང་གི་དངུལ་ཚང་མས་གནས་སྐོར་བ་ཚོར་རོགས་རམ་བྱས་པས་མཐའ་མར་ཁོ་ཚོར་ཅི་ཡང་མ་ལྷགས། ཨ་ནནྡ་དང་ཟླ་བ་ལྔར་སོན་པའི་རམ་བྷ་ཡེས་གཙོས་པའི་ནང་མི་ཚོར་རྒྱ་གར་གྱི་ས་ཕྱོགས་ཀུན་ནས་མཆོད་ཁང་དང་ལྷ་ཁང་ལ་གནས་སྐོར་དུ་བསླེབས་པ་ཚོ་དང་མཉམ་སྡོད་བྱས། གནས་སྐོར་བ་འདི་ཚོའི་མང་ཆེ་བ་ནི་དབུལ་ཞིང་ཕོངས། ཨ་ནནྡས་སྤྱི་དམངས་ཀློག་པ་པོ་ཚོར་ལེགས་སྦྱར་གྱི་དམ་ཆོས་སློབ་དེབ་སྤྲད་པ་དང་། སློབ་དེབ་དེ་ཚོ་ཡུལ་མི་རང་བཞིན་པའི་སྐད་མི་འདྲ་པའི་ནང་དུ་ཕབ་བསྒྱུར་བྱས་པ་ལས་དངུལ་ཏོག་ཙམ་རག་མྱོང་། མཐའ་མཇུག་ཏུ། མི་རྣམས་ཀྱིས་ཁོ་ཚོར་དངུལ་དང་འབྲས་ཕྲན་བུ། ད་དུང་ཉལ་སའི་གནས་བཅས་སྦྱིན། ད་དུང་ཁོའི་ཁྱིམ་མི་རྣམས་རྟག་པར་གྲོད་པ་ལྟོགས་ནས་སྡོད་དགོས་པ་དང་། ཕྱི་རོལ་ཏུ་ཉལ་བའམ་སྤྱི་དམངས་སྐྱོབ་གསོ་ཁང་དག་ཏུ་མཚན་ཞག་སྐྱེལ་དགོས་ཀྱི་ཡོད། རམ་བྷ་ཡེ་དང་མོའི་མིང་སྲིང་རྣམས་ལ་སོ་སོའི་ཕ་མ་ལས་ཤེས་ཡོན་ཐོབ་པ་དང་། རམ་བྷ་ཡེ་ལོ་ན་བཅོ་ལྔ་རུ་སོན་དུས། མོས་ཡུལ་མི་རང་བཞིན་པའི་སྐད་རིགས་མི་འདྲ་བ་བདུན་བཤད་ཤེས་པ་དང་། ལེགས་སྦྱར་གྱི་སྐད་དུ་ཡོད་པའི་ཆོས་ཚིག་ཤོ་ལོ་ཀ་ཉིས་ཁྲི་སུམ་སྟོང་བློ་འཛིན་བྱས།
སྤྱི་ལོ་༡༨༧༤ལོར། རྒྱ་གར་དེ་མུ་གེ་ཚབས་ཆེན་ཞིག་གིས་ཡོངས་སུ་སྡུག་བསྔལ་བར་བྱས། རམ་བྷ་ཡེའི་ཕ་མ་གཉིས་དང་སྲིང་མོ་བཅས་ལྟོགས་ཤི་ཐེབས། མོ་དང་མོའི་གཅེན་པོ་གཉིས་མུ་མཐུད་དུ་གནས་སྐོར་བ་ཚོ་དང་མཉམ་དུ་འཚོ་ཐབས་བྱས། ཁོ་གཉིས་ཀྱིས་ཀྱང་ཁོ་ཚོའི་ཕ་རྒན་བཞིན་དུ་ལེགས་སྦྱར་ཆོས་དཔེ་བཀླགས་ནས་རང་མཁོའི་དངུལ་རེ་འཚོལ་ཐབས་བྱས། རྗེས་མའི་ལོ་གཉིས་ཀྱི་རིང་ལ། ཁོ་གཉིས་ཀྱིས་སྤྱི་ལེ་བཞི་སྟོང་ལས་ལྷག་པའི་ས་རུ་གོམ་བགྲོད་བྱས། ཁོ་གཉིས་ལ་སྐབས་རེར་བཟའ་བཏུང་ཏོག་ཙམ་རེ་རག་པ་དང་མཚམས་རེར་མི་རག་ཅིང་། གྱོན་ཆས་འཚམ་པོ་ཞིག་ཀྱང་གྱོན་རྒྱུ་མེད། སྤྱི་ལོ་༡༨༧༨ལོར་རམ་བྷ་ཡེ་མོའི་གཅེན་པོ་གཉིས་ཀ་ལི་ཀ་ཏ་རུ་འབྱོར་ནས་དེ་རུ་བསྡད། དེ་རུ་ཁོ་གཉིས་ཀྱིས་མི་ཚོགས་ཤིན་ཏུ་མང་པོ་དག་ལ་ལེགས་སྦྱར་རྩོམ་ཡིག་བཀླགས། བུད་མེད་ཀྱིས་དཔེ་དེབ་ཀློག་པ་དང་རྩོམ་ཡིག་འབྲི་རྒྱུ་ནི་རྒྱུན་ལྡན་མིན་པའི་བྱ་བ་ཞིག་ཡིན་པས། རམ་བྷ་ཡེ་སྙན་གྲགས་ཆེན་པོ་ཅན་ཞིག་ཏུ་གྱུར་པ་དང་། ཁོ་གཉིས་ཀྱིས་ཆོས་ལུགས་དང་རིགས་རུས་མི་འདྲ་བ་ནས་ཡོང་བའི་མི་སྣ་རླབས་ཆེན་ཏེ་ཤེས་ཡོན་ཅན་མང་བོར་ཐུག་འཕྲད་བྱས། ཀ་ལི་ཀ་ཏ་མཐོ་རིམ་སློབ་གྲྭ་ཆེན་མོས་རམ་བྷ་ཡེ་ལ་པཎ་ཏི་ཏ་སྟེ་ལྕམ་མོ་སྦྱངས་ཡོན་ཅན་ཞེས་པའི་མཚན་སྙན་གསོལ། ནམ་ཞིག་རམ་བྷ་ཡེ་ལོ་ན་ཉེར་གཉིས་ལ་སོན་དུས། མོའི་ཕུ་བོ་འཇིག་རྟེན་འདི་དང་གཏན་དུ་གྱེས། ཕུ་བོ་ཚེ་ལས་འདས་པ་དེས་རམ་བྷ་ཡེ་གནས་སྟངས་ཤིན་ཏུ་ཁག་པོ་ཞིག་གི་ནང་དུ་བསྐྱལ། དུས་སྐབས་དེར། རྒྱ་གར་གྱི་བུད་མེད་རྣམས་གཉེན་ཉེ་སྐྱེས་པ་རྣམས་ལ་བརྟེན་ཚབས་ཤིན་ཏུ་ཆེན་པོ་ཡོད། སྐྱེས་དམན་ཁེར་འདུག་ཅིག་གིས་ལས་ཀ་བྱེད་པ་དང་ཁྱིམ་གཞི་སྐྱོང་བ། མི་ཚེ་སྐྱེལ་བ་བཅས་ནི་ཧ་ལམ་མི་སྲིད་པ་ཞིག་ཡིན་པས། ལོ་ན་གཞོན་པའི་ཁྲིམས་རྩོད་པ་མིང་ལ་བྷི་ཕིན་བྷི་ཧ་རི་མེ་དྷ་ཝེ་ཟེར་བ་ཞིག་གིས་རམ་བྷ་ཡེ་མཉམ་དུ་གཉེན་སྒྲིག་བྱེད་རྒྱུའི་ཁས་ལེན་བྱས་པ་དང་། གང་ལྟར་ཁོ་ནི་རམ་བྷ་ཡེ་དང་བསྡུར་ན་རིགས་རུས་དམའ་བར་གཏོགས་པ་ཞིག་རེད། དོན་རྐྱེན་དེར་ཕྱོགས་གཉིས་ཀའི་ཁྱིམ་མིས་ངོས་ལེན་མ་བྱས། གང་ཡིན་ཟེར་ན། ཧིན་རྡུ་བ་ཚོས་རང་གི་རིགས་རུས་ལས་ལྡོག་པ་ཞིག་དང་མཉམ་དུ་གཉེན་སྒྲིག་བྱེད་མཁན་དང་མཉམ་དུ་སྐད་ཆ་མི་བཤད། ཡིན་ན་ཡང་རམ་བྷ་ཡེ་དང་བྷི་ཕིན་གཉིས་ཀྱིས་དེར་དོ་སྣང་མ་བྱས། ཁོ་གཉིས་ལ་ཕན་ཚུན་བརྩེ་དུང་ཡོད་པ་དང་བསམ་ཚུལ་ཡང་གཅིག་མཐུན་དུ་ཡོད། ཁོ་གཉིས་ཀྱིས་སྤྱི་ལོ་༡༨༨༠ལོར་གཉེན་སྒྲིག་བྱས་ཏེ་ཕུ་ན་རུ་གནས་སྤོ་བྱས། ལོ་གཉིས་ཀྱི་རྗེས་སུ། བྷི་ཕིན་ཕོ་ནད་དྲག་པོ་ཞིག་གིས་ཟིན་པ་དང་། ནམ་ཞིག་ཁོ་རང་ཚེ་ལས་འདས་པའི་སྐབས་སུ། རམ་བྷ་ཡེ་ཡང་སྐྱར་གནས་སྟངས་སྐྱོ་བོ་ཞིག་གི་ནང་དུ་ལྷུང་། མོ་ཡིས་རང་གི་རིགས་རུས་དང་ལྡོག་པ་ཞིག་གི་མཉམ་དུ་གཉེན་སྒྲིག་བྱས་པ་དང་། ད་ལྟ་མོ་རང་རང་གི་ལུས་ལས་ཆད་པའི་བུ་མོ་ཆུང་ཆུང་ཞིག་དང་མཉམ་དུ་ཡུགས་སར་ལུས་ནའང་། མོ་རང་དང་མོའི་ཁྱོ་ཀའི་ནང་མི་གཉིས་ཀའི་ཕྱོགས་ནས་མོ་རང་ལ་རོགས་རམ་གང་ཡང་མ་བྱས་པས། རམ་བྷ་ཡེ་དང་མོའི་བུ་མོ་ཆུང་ཆུང་གཉིས་ཀྱིས་ཁྲོམ་སྲང་དང་དབུལ་ཕོངས་ཀྱི་འཚོ་བ་བསྐྱལ། མོ་ལ་རོགས་རམ་བྱེད་པར་རེ་བའི་མི་གཅིག་རང་ཡོད་པ་ནི་མོའི་གཉེན་ཉེ་བུད་མེད་ཨ་ནནྡེ་བྷ་ཡེ་ཡིན་པ་དང་། མོ་རང་ཡང་བློ་རིག་དང་ལྡན་ཞིང་རང་དབང་ཅན་གྱི་བུད་མེད་ཅིག་ཡིན། རྗེས་མར་མོ་རང་རྒྱ་གར་གྱི་ཆེས་ཐོག་མའི་བུད་མེད་སྨན་པ་ཞིག་ཞིག་གྱུར། མོ་རང་གིས་ཨ་མེ་རི་ཁར་སློབ་སྦྱོང་བྱེད་དུ་འགྲོ་རྒྱུའི་འཆར་གཞི་བཏིངས་པ་དང་འབྲེལ་རམ་བྷ་ཡེ་ཡང་རྒྱ་གར་ནས་ཕྱིར་ཐོན་དགོས་པའི་བསམ་ཚུལ་བཅངས།
      རམ་བྷ་ཡེ་ཕུ་ན་རུ་ཡོད་པའི་ཡེ་ཤུའི་དགེ་སྒྲུབ་མའི་ཚོགས་པ་ཞིག་ཏུ་བཅར་ཏེ་ཁོ་མོར་རོགས་རམ་བྱེད་པར་ཞུ་བ་ཕུལ། དེ་ཚོར་མོ་རང་ཨིང་སྒི་ལན་སྒྲི་རུ་གཏོང་རྒྱུ་དང་འབྲེལ་མོའི་སློབ་ཡོན་ཡང་ཁོ་མོ་ཚོའི་རོགས་པས་སྦྱིན་བདག་བྱེད་རྒྱུར་མོས་མཐུན་བྱས། སྤྱི་ལོ་༡༨༨༣ལོར་རམ་བྷ་ཡེ་དང་མོའི་བུ་མོ་གཉིས་ཨིང་སྒི་ལན་སྒྲི་རུ་འབྱོར། དེ་རུ་ས་ཡན་ཁྲི་མེ་རོས་དགེ་སྒྲུབ་མ་ཚོ་ཞེས་པའི་དགེ་སྒྲུབ་ཚོགས་པ་ཞིག་གིས་མོ་ལ་དབྱིན་ཡིག་གི་སློབ་ཚན་སྤྲད་པ་དང་ཆབས་ཅིག་ལེགས་སྦྱར་སློབ་ཁྲིད་ཀྱི་ལས་ཀ་ཡང་སྤྲད། དེའི་ཁ་སྣོན་དུ། མོ་ལ་རྒྱལ་ས་ལོན་སྒྲོན་དུ་ཡོད་པའི་ཁོ་ཚོའི་བུད་མེད་སྲུང་སྐྱོབ་ཁང་ཡང་བསྟན། བུད་མེད་སྲུང་སྐྱོབ་ཁང་དེས་རམ་བྷ་ཡེ་ལ་རྒྱ་གར་དུ་རང་ལ་བདག་དབང་ཡོད་པའི་བུད་མེད་སྲུང་སྐྱོབ་ཁང་ཞིག་འཛུག་རྒྱུའི་བསམ་བློ་ཡང་སྐྱེས་སུ་བཅུག དུས་ཚོད་དེའི་ནང་དུ། རམ་བྷ་ཡེ་ཡེ་ཤུའི་ཆོས་ལུགས་པ་ཞིག་ཏུ་འགྱུར་མགོ་ཡང་ཚུགས།
        སྤྱི་ལོ་༡༨༨༦ལོར་རམ་བྷ་ཡེ་ཨ་མེ་རི་ཁར་མོའི་གཉེན་ཉེ་ཨ་ནནྡེ་བྷ་ཡེ་སྨན་པའི་སློབ་གྲྭ་ནས་མཐར་ཕྱིན་པའི་མཛད་སྒོར་ཕྱིན། དེ་རུ་མོ་རང་བུད་མེད་རླབས་ཆེན་མང་པོ་ཞིག་དང་ཐུག་འཕྲད་བྱུང་བ་དང་། དེ་དག་གིས་མོ་རང་ཨ་མེ་རི་ཁར་བསྡད་དེ་སློབ་སྦྱོང་བྱས་རྗེས་ཕྱིར་རྒྱ་གར་དུ་ལོག་རྒྱུའི་སྐུལ་མ་བྱས། རྗེས་མའི་ལོ་གསུམ་གྱི་རིང་ལ། རམ་བྷ་ཡེས་ཨ་མེ་རི་ཁའི་སློབ་གྲྭ་ཁག་ཏུ་ལས་ཤེས་སྤྲོད་རྒྱུའི་སློབ་སྦྱོང་བྱས་པ་དང་འབྲེལ། <<རིགས་རུས་མཐོ་བའི་རྒྱ་གར་གྱི་བུད་མེད>>ཅེས་པའི་དེབ་ཅིག་ཀྱང་བྲིས། དེ་ནི་རིགས་རུས་ལམ་ལུགས་ཀྱིས་ཇི་ལྟར་རྒྱ་གར་གྱི་བུད་མེད་ཚོར་ཤུགས་རྐྱེན་ཐེབས་སུ་འཇུག་པའི་སྐོར་གྱི་དེབ་དང་པོ་དེ་རེད།
        མོའི་དེབ་དེ་ལ་བརྟེན་ནས་རམ་བྷ་ཡེ་སྐད་གྲགས་ཆེན་པོ་ཞིག་ཆགས། སྤྱི་ལོ་༡༨༨༧ལོར་མོ་རང་ཕྱུག་བདག་ཚོགས་པ་ཞིག་གིས་ཨ་མེ་རི་ཁའི་རམ་བྷ་ཡེ་མཐུན་ཚོགས་གསར་འཛུག་བྱས། སྤྱི་ལོ་༡༨༨༨ལོའི་ཟླ་བཅུ་གཅིག་པར། ཁོ་ཚོའི་དངུལ་དང་མཉམ་དུ་རམ་བྷ་ཡེ་རྒྱ་གར་དུ་ཕྱིར་ལོག་སྟེ་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་སྦོམ་སྦེ་རུ་ཡུགས་ས་མ་གཞོན་ནུ་ཚོའི་ཆེད་དུ་སློབ་གྲྭ་དང་སྲུང་སྐྱོབ་ཁང་བཙུགས། ལོ་ལྔའི་རྗེས་སུ། མོས་སློབ་གྲྭ་པ་དང་སྲུང་སྐྱོབ་ཁང་ཕུ་ན་རུ་གནས་སྤོ་བྱས་པ་དང་འབྲེལ་ཁེ་སྒྲི་སྒོན་kedgaonདང་ཐག་ཉེ་བའི་ས་རུ་ཞིང་ཁ་ཆེན་པོ་ཞིག་ཉོས་ཤིང་། དེ་རུ་ཡེ་ཤུའི་ཁང་ཁྱིམ་དང་བཟོ་ལས་སློབ་གྲྭ་བཙུགས། མོས་བུ་མོ་ན་ཆུང་དང་བུད་མེད་རྒན་དར་མང་པོ་ཞིག ད་དུང་དེ་ཚོའི་བུ་ཕྲུག་བཅས་ལ་ཟས་གོས་སྤྲད་དེ་གསོ་སྐྱོང་བྱས། ད་དུང་མོས་ཁོ་མོ་ཚོར་དགེ་རྒན་དང་སྨནགཡོག་གི་སློབ་ཁྲིད་བྱས་པ་དང་། བུད་མེད་གཞན་དག་ལ་གྱོན་གོས་དང་ལྷམ་བཟོའི་སྦྱོང་བརྡར་ཡང་སྤྲད་པ་མ་ཟད། ལག་ཤེས་གཞན་དག་ཀྱང་སློབ་རོགས་བྱས།
        སྤྱི་ལོ་༡༨༩༦ལོའི་མུ་གེའི་དུས་སྐབས་སུ། རམ་བྷ་ཡེས་བུད་མེད་བརྒྱ་ཕྲག་མང་པོར་རོགས་སྐྱོར་བྱས། ལོ་གསུམ་གྱི་རྗེས་སུ། ཁོ་མོས་མི་ཉིས་སྟོང་ལྷག་ལ་མུ་གེའི་དུས་སྐབས་གཞན་དག་ཏུ་རོགས་རམ་བྱས། ལོ་ངོ་དེ་དག་གི་སྐབས་སུ། ཁོ་མོའི་སློབ་གྲྭ་དང་སྲུང་སྐྱོབ་ཁང་གིས་ཡུགས་ས་མ་བརྒྱ་ཕྲག་མང་བོར་མི་ཚེ་གསར་བ་ཞིག་གི་གོ་སྐབས་སྤྲད། པཎ་ཊི་ཏ་རམ་བྷ་ཡེ་སྤྱི་ལོ་༡༩༢༢ལོར་གྲོངས་ཤིང་། ཁོ་མོའི་ཆོད་སེམས་ཀྱིས་རྒྱ་གར་གྱི་བུད་མེད་ཚོར་རོགས་རམ་བྱས་པ་ནམ་ཡང་བརྗེད་སྲིད་ཀྱི་མ་རེད།

                           (ཀླུ་སྨྱོན་གྱིས<ཅི་འདྲའི་མི་ཚེ་ཞིག>ཅེས་པའི་དཔེ་དེབ་ལས་བསྒྱུར།)
གཏམ་རྒྱུད་དང་དབང་ཆ་གཅིག་བསྡུས་རིང་ལུགས།༼ ཚན་བཤུས། ༽
ཧཱ་ཝེལ།
     བདག་ལ་དབུགས་འཚང་བའི་ནད་ལྩི་མོ་ཕོག་ཡོད་པའི་གྲོགས་པོ་ཞིག་ཡོད་པ་ཆབ་སྲིད་ཀྱི་གནད་དོན་སྟེང་ནས་ཁྲིམས་ཐག་བཅད་དེ་ལོ་མང་པོར་བཙོན་དུ་བཅུག   བཙོན་གྲོགས་དེ་ཐ་མག་གིས་ཉིན་མཚན་སྐྱེལ་མཁན་ཞིག་ཡིན་པས་ཁོས་བཙོན་དུ་དཀའ་སྡུག་ཆེན་པོ་མྱངས་ཤིང༌།  དུ་བ་མེད་པའི་བཙོན་ཁང་ཞིག་ཏུ་སྤར་དགོས་ཚུལ་གྱི་བསམ་འཆར་ལའང་ཁ་ཡ་བྱེད་མཁན་མེད་པས།   ཁོའི་བདེ་ཐང་དང་ཐ་ན་ཚེ་སྲོག་ལ་ཉེན་ཁ་ཚབས་ཆེན་བྱུང༌།   ཨ་རིའི་སྐྱེས་མ་ཤིག་གིས་གནས་ཚུལ་དེ་གོ་རྗེས་རོགས་བྱ་འདོད་སྐྱེས་ཏེ།    ངོ་ཤེས་པའི་ཨ་རིའི་ཉིན་རེའི་ཚགས་པར་གལ་ཆེ་བ་ཞིག་གི་རྩོམ་སྒྲིག་པར་ཁ་པར་བཏང་ཤིང༌།    ཁོ་ལ་དེའི་སྐོར་གྱི་རྩོམ་ཞིག་བྲིས་ན་ག་འདྲ་ཡིན་ཚུལ་ལབ་པར།   དེས"མི་དེ་ཚེ་ལས་འདས་སྐབས་ཁོ་བོར་ཁ་པར་ཐོངས"ཞེས་ལན་བཏབ།
   འདི་ནི་མི་རྣམས་ཧ་ལས་བར་བྱེད་པའི་དོན་ཞིག་རེད་མོད།    ཕྱོགས་ཁ་ཤས་ནས་བལྟས་ན་དང་དུ་ལེན་ཆོག་པ་ཞིག་རེད།   ཚགས་པར་ལ་མཁོ་བ་ནི་གཏམ་རྒྱུད་ཅིག་ཡིན་ལ་དབུགས་འཚང་བའི་ནད་གཏམ་རྒྱུད་ཅིག་མ་རེད།   འཆི་བས་དེ་ཉིད་གཏམ་རྒྱུད་ཅིག་ཏུ་བསྒྱུར་ཐུབ་པ་རེད།
    ཕུ་རག་ཏུ་དུས་ཡུན་རིང་བོར་མངག་གཏོང་བྱས་པའི་ནུབ་ཕྱོགས་ཀྱི་བརྡ་འཕྲིན་ས་ཚིགས་གཅིག་མ་གཏོགས་མེད་མོད།   ཅེ་ཁེ་སི་ལོ་ཝ་ཁེ་ལས་ལྡབ་འགྱུར་གྱིས་ཆུང་བའི་རྒྱལ་ཁབ་ལེ་པ་ནོན་དུ་བརྒྱ་ཕྲག་ཁ་ཤས་འདུག   གཅིག་བྱས་ན་འདིའང་དང་དུ་ལེན་ཆོག་པ་ཞིག་སྟེ།   ཁོ་ཚོས་ལབ་པ་ནང་བཞིན"འདི་རུ་གཏམ་རྒྱུད་ཅི་ཡང་མེད"པས་ཡིན་སྲིད།    གཤིབ་བསྡུར་ཞིག་བྱས་ཚེ།    ལེ་པ་ནོན་དུ་གཏམ་རྒྱུད་ཀྱིས་ཁེངས་ཡོད་དེ།   དེ་ནི་ལྐོག་གསོད་དང་དམག་འཁྲུག    འཆི་བའི་རྒྱལ་ཁམས་ཤིག་ཡིན་ལ།   མིའི་ཕྱིར་དྲན་གྱི་སེམས་སུ་འཆར་བ་ཇི་འདྲའི་རྒྱུན་རིང་བ་ནང་བཞིན།   འཆི་བ་ནི་མཐའ་གཅིག་ཏུ་གཏམ་རྒྱུད་རྣལ་མ་དག་གོང་བུར་ཆགས་པའི་ལྟེ་བ་ཡིན།
    འུ་ཅག་གི་གནས་བབ་ནི་བདག་གི་གྲོགས་པོ་ཉིད་དང་འདྲ་བ་སྟེ།   འུ་ཅག་ལ་དོ་སྣང་བྱེད་རིན་མེད་དེ་འུ་ཅག་ལ་གཏམ་རྒྱུད་མེད་ལ་འཆི་བའང་མེད།    འུ་ཅག་ལ་དབུགས་འཚང་བའི་ནད་ཁོ་ན་ལས་ཅི་ཡང་མེད།    འུ་ཅག་གློ་ལུ་བྱེད་པའི་སྒྲ་ལ་མི་ཞིག་ངེས་པར་དུ་སྤྲོ་བ་སྐྱེ་དགོས་དོན་ཅི།
     མི་རྣམས་ཀྱིས་ཀྱང་དུས་ནམ་ཡང་དཀའ་ཚེགས་ཆེ་བའི་དབུགས་ཀྱི་འབྱིན་རྔུབ་འབྲི་བར་མི་སྲིད།
     ས་འདིའི་འཇིགས་སྐུལ་རིང་ལུགས་པ་ཁྲིམས་སྒོར་ཚུད་ཡོད་མེད་དམ།    ཡང་ན་གོང་རིམ་དུ་རུལ་སུངས་ཀྱི་དོན་ངན་གལ་ཆེ་བ་བྱུང་ཡོད་མེད།    ཡང་ན་དྲག་པོའི་ཁྲོམ་སྐོར་རམ་ལས་སྐྱུར་བྱས་ཡོད་མེད་ཀྱི་སྣང་ཚུལ་འདི་རིགས་ཀྱིས་བདག་ལ་སུན་པོར་བཟོས་མི་ཡོང༌།
     བདག་སུན་པོར་བཟོ་བྱེད་ནི་དོན་དག་གཞན་ཁ་ཤས་ཏེ།   གསར་འགྱུར་རིན་ཐང་ལྡན་པའི་གཏམ་རྒྱུད་འདི་རིགས་ཡ་མཚར་ངང་མེད་འགྲོ་བ་ནི་སྤྱི་ཚོགས་འཆམ་མཐུན་མཚོན་པ་མ་ཡིན་པར།    ཉེན་ཁས་ཁེངས་ཤིང་ཚད་ལས་བརྒལ་བའི་གོ་རིམ་ཞིག་གི་ཕྱིའི་འབྲས་བུ་རུ་ངེས་ཏེ།   "གཏམ་རྒྱུད་ཚང་མ་མེད་པར་གྱུར་བ་དེའོ།  །"  ཧ་ལམ་ཉིན་བཞིན་དུ་བདག་གིས་སྤྱི་ཚོགས་འདིའི་གྲག་འགུལ་མེད་པའི་ཞི་འཇགས་དང་གསལ་མི་གསལ་གྱི་དོན་སྙིང་དེའི་ཕྱིར་དུ་བྲེད་ཤ་འདར་འོངས་ལ།   འདི་ནི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་ལམ་ལུགས་དང་སྤྱི་ཚོགས་འཚོ་བ་དངོས་བར་གྱི་མི་མངོན་པའི་དམག་འཁྲུག་གི་མཚོན་སྟངས་གསལ་བོ་དེ་ཡིན།
     ཅེ་ཁེ་དམག་འཁྲུག་དང་ལྐོག་གསོད་ལས་ཐར་བར་འདོད་པ་ནི་དོན་དངོས་མ་ཡིན།   དམག་འཁྲུག་དང་དམར་གསོད་ཀྱིས་རྣམ་པ་གཞན་ཞིག་བདམས་ཟིན་ཏེ།    དེ་དག་ཕྱིའི་མངོན་སུམ་གྱི་གསང་བར་མ་སྦས་པའི་སྤྱི་སྒྲོག་གི་དོན་རྐྱེན་དག་ལས་རིམ་གྱིས་རབ་རིབ་ཏུ་གསལ་བོར་མི་མངོན་པའི་ནང་གི་སྙིང་བོ་རྩ་གཏོར་བྱེད་པ་ཞིག་ཏུ་གྱུར།    མི་རྣམས་ཀྱིས་གཏམ་རྒྱུད་དུ་བཀླགས་ནུས་པའི"དཔེ་མཚོན"གྱི་འཆི་བ་རྐྱང་བ་དེ་འདི་རུ་འཆི་བ་གཞན་ཞིག་གིས་ཚབ་བྱས།   དེ་ནི་དལ་བའི་རང་བཞིན་ཅན་དང་སེང་རས་ཀྱིས་གཡོགས་ཤིང༌།   ཁྲག་མི་བཞུར་ལ་རྐྱང་བ་ཙམ་ཡང་མ་ཡིན་པ་སྟེ།   ལས་འགུལ་མེད་ལ་གཏམ་རྒྱུད་ཀྱང་མེད།    དུས་ཚོད་ཀྱི་འཆི་བ་མེད་ལ་ཐུན་མོང་གི་འཆི་བའང་མེད།   ཡང་ན་གསལ་ཁ་ཐག་ཆོད་ཀྱིས་བཤད་ན།    དེ་ནི་གོ་མེད་ཚོར་མེད་ཀྱིས་དབང་བོ་སྦྲིད་པར་གྱུར་ཏེ་སྤྱི་ཚོགས་དང་ལོ་རྒྱུས་དོན་སྟོང་ཅན་དུ་འགྱུར་བའི་གོ་རིམ་ཤིག་ཡིན།    དོན་སྟོང་ཅན་གྱི་གོ་རིམ་དེས་འཆི་བ་མེད་པར་བཟོས་པ་དང་མཉམ་དུ་ཚེ་སྲོག་ཀྱང་མེད་པར་བཟོས་པས།   མི་སྒེར་གྱི་ཚེ་སྲོག་ནི་འཕྲུལ་ཆས་ཆེན་པོ་ཞིག་གི་སྟེང་གི་བྱེད་ལས་གཅིག་རྐྱང་ལས་མེད་ཅིང་གྲ་འགྲིག་གཅིག་གྱུར་གྱི་གྲུབ་ཆ་ཞིག་ལས་ཅི་ཡང་མིན་ལ།   ཁོའི་འཆི་བའང་ལས་འགན་དེ་མེད་པར་བཟོས་པ་ཙམ་ཁོ་ནའོ།  །སྣང་ཚུལ་འདི་རིགས་ནི་འཕེལ་རྒྱས་དང་བརྟན་འཇགས་སུ་ཕྱིན་པའི་དབང་ཆ་གཅིག་བསྡུས་རིང་ལུགས་ལམ་ལུགས་ཀྱི་ནང་གི་བརྗོད་པ་སྟེ་དེའི་ངོ་བོ་ལས་མཆེད་ཡོང་བ་ཡིན་པ་རྟགས་མཚན་འདི་དག་ཐམས་ཅད་ཀྱིས་གསལ་བོར་སྟོན་ནུས།ནུབ་ཕྱོགས་ནས་ཡོང་བའི་ལྟ་སྐོར་བ་དག་རྒྱུན་དུ་ཧ་ལས་དགོས་པ་ཞིག་ལ།   ཁྲེར་ནོ་རྦི་ལིའི་ཉིང་རྡུལ་འཕྲོ་ཐིག་དང་ཨེ་ཙིའི་ནད་དེ་ཅེ་ཁེ་བ་ལ་མཚོན་ན་འཇིགས་སྣང་སྐྱེ་ས་ཞིག་མ་ཡིན་པར་མ་ཟད།    ད་དུང་དགོད་གཏམ་ཞིག་གི་བརྗོད་གཞི་ལྟ་བུར་ཆགས་ཡོད་པ་དེའོ།།
      འདིས་བདག་ཡ་མཚར་སྐྱེ་རུ་འཇུག་མི་སྲིད་དེ།     དབང་ཆ་གཅིག་བསྡུས་རིང་ལུགས་དོན་སྟོང་ཅན་འགྱུར་བ་ནི་གཟུགས་མི་མངོན་པ་ཁོ་ན་ཡིན་ལ།    ཁྲེར་ནོ་རྦི་ལིའི་ཉིང་རྡུལ་འཕྲོ་ཐིག་དང་ཨེ་ཙིའི་ནད་ལས་ཀྱང་མཐོང་དུ་མེད།    ད་སྐབས་ཆེས་ཉེན་ཁ་ཆེ་བ་ནི་དེ་ཨེ་ཙིའི་ནད་དང་ཉིང་རྡུལ་འཕྲོ་ཐིག་ལས་ཀྱང་ནང་དུ་མངོན་ཞིང༌།    སྔར་ལས་ལྷག་པར་རང་ཅག་མི་རེ་རེ་དང་འབྲེལ་བ་ཡོད་པར་གྱུར་བ་སྟེ།    རྒྱུ་མཚན་ནི་འུ་ཅག་གིས་ཉིན་རེ་བཞིན་རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ཏེ་དེར་གོ་བ་ལེན་པ་ལས་ཚགས་པར་དང་བརྙན་འཕྲིན་ལས་མ་ཡིན་པས།    གཤིབ་བསྡུར་ཞིག་བྱས་ཚེ་འཇིགས་སྣང་ཡལ་གྱིན་འདུག་ལ།    གཡོ་སྒྱུའང་མེད་པར་སྣང་ཤིང་ནང་གི་ཉེན་ཁའང་ཕྱི་རོལ་དུ་མཐར་བསྐྲོད་བཏང་བ་འདྲ་བས།   སྣང་མེད་དུ་གཏོང་བ་ལའང་ཡ་མཚར་རྒྱུ་ཅི་ཡང་མི་འདུག
       གཟུགས་མི་མངོན་པའི་རྒྱལ་ཁ་འདི་ལ་ད་དུང་ཡང་རྒྱུ་རྐྱེན་གཞན་ཞིག་ཡོད་དེ།   གཏམ་རྒྱུད་མེད་པར་སོང་བ་དང་མཉམ་དུ་མིའི་རིགས་ངོས་འཛིན་དང་རང་ཉིད་ངོས་འཛིན་གྱི་རྩ་བའི་ལག་ཆ་ཞིག་མེད་པར་ཆགས།   དབང་ཆ་གཅིག་བསྡུས་རིང་ལུགས་དོན་སྟོང་ཅན་དུ་གྱུར་བ་དེས་མི་རྣམས་ཀྱིས་ཕྱི་རོལ་ནས་ལྟ་ཞིབ་དང་གོ་བ་ལོན་དགོས་པའི་སྒྲུབ་ཚོད་རང་བཞིན་ཁས་ལེན་མི་བྱེད་པས།    རང་ཅག་ལ་གོ་སྐབས་གཉིས་མ་གཏོགས་མི་འདུག་སྟེ།    གཅིག་ནས་དེ་ཐད་ཀར་ཉམས་སུ་མྱོང་རྒྱུ་དང༌།    གཉིས་ནས་ཁྱོད་ཀྱིས་དེའི་སྐོར་ལ་ཏིལ་འབྲུ་ཙམ་ཡང་རྒྱུས་མི་མངའ་བའོ།   །འཇིགས་སྐུལ་རིགས་ཤིག་གིས་སྤྱི་པ་ནས་རྟོག་དཔྱོད་བྱ་རུ་མི་འཇུག
       ཕྱི་རྒྱལ་གྱི་ལྗོངས་རྒྱུ་བར་འདི་ལྟ་བའི་ལུགས་དང་མཐུན་པའི་བག་ཆགས་ཤིག་འཇོག་པར་ངེས་ཏེ།   ཅེ་ཁེ་སི་ལོ་ཝ་ཁེ་སུའུ་ཙེར་ལས་ལྡབ་ཀྱིས་དབུལ་ཞིང་ཐན་པས་བཟུང་ཡོད་པས།   ཚགས་པར་ལས་རིགས་ཀྱིས་ཁོ་ཚོའི་དོན་གཅོད་ཁང་གི་སྒོ་མོ་བརྒྱབ་པ་ལའང་ལུགས་དང་མཐུན་པའི་རྒྱུ་མཚན་ཡོད།    ཁོ་ཚོས་གཏམ་རྒྱུད་ཅིག་སྤེལ་རྒྱུ་མེད་པར་ཇི་ལྟར་རེ་བ་བྱེད་དམ།
                           (ལྡོང་བུས་བསྒྱུར)

Saturday, June 1, 2013

ཤེས་ཡོན་གྱི་རྩ་དོན་བཞི།
ཝི་ནོ་བྷཱ།(རྒྱ་གར)
                                      
                               _____________________ རྒྱ་གར་འཕགས་ཡུལ་གྱི་དྲན་དབང་ཝི་ནོ་བྷཱ་མཆོག་གིས་ཤེས་ཡོན་སྐོར་ལ་གནང་བའི་བཀའ་སློབ་ཅིག           ང་འདིར་ཁྱེད་ཚོ་ལྷན་དུ་འཛོམས་པའི་རེ་སྐུལ་ཞུས་པ་ལྟར།ངས་ཀྱང་དགའ་ཚོར་ཆེན་པོས་དང་ལེན་བྱས་པ་ཡིན། རྒྱུ་མཚན་ནི་དེང་སང་ང་རང་སློབ་མ་ཡིན་ལ་དགེ་རྒན་ཡང་ཡིན་པའི་དུས་སྐབས་ཤིག་ཡིན།ང་རང་ཉིད་ཀྱི་བྱ་གཞག་བྷོའི་ཏན་(Bhoo-dan)དང་གྷ་རཱམ་ཏན་(Gramdan)གྱི་ཆེད་ས་ཕྱོགས་གང་སར་འགྲོ་དགོས་པས་སློབ་གཉེར་གྱི་ལས་ལ་བརྩོན་རྒྱུར་རྒྱུན་འཁྱོངས་བྱེད་ཀྱི་ཡོད།ང་ནི་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་ལ་འབད་པའི་སློབ་མ་ཞིག་དང་མཚུངས་ལ།མང་ཚོགས་ལ་རང་ཉིད་འགྲེལ་བརྗོད་བྱེད་པའི་ལས་ཁུར་འདི་འཆད་ཁྲིད་ཀྱི་ལས་རིགས་ཤིག་ཡིན་སྟབས།ངས་སློབ་ཁྲིད་ཀྱང་བྱེད་ཀྱི་ཡོད།ད་དུང་ང་རང་ལ་རྒྱུན་དུ་འགྲུལ་བཞུད་བྱེད་རོགས་ཚོར་ཁྲིད་སྟོན་བྱེད་ཐབས་སྟབས་བདེ་འགའ་ཡང་ཡོད།དེར་བརྟེན་ངས་རང་ཉིད་ལ་ལག་ལེན་ཁྲོད་ཀྱི་ཉམས་མྱོང་མི་ཉུང་བ་ཞིག་ཡོད་ཅེས་བརྗོད་ཐུབ་ཀྱི་ཡོད།དོན་དངོས་སུ་ངས་ཤེས་ཡོན་གྱི་གནད་དོན་དང་འབྲེལ་བའི་སྐོར་ལ་བྲིས་པ་ཚང་མ་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ཏེ་བྲིས་པ་ཤ་སྟག་ལས། རྣམ་གཞག་གམ་གཞུང་ལུགས་ཙམ་དུ་བྲིས་པ་གཅིག་ཀྱང་མེད།
      ཉམས་མྱོང་གི་རྒྱུད་རིམ་འདིའི་ཁྲོད་ནས་ངས་ཤེས་ཡོན་གྱི་རྩ་དོན་དང་པོ་ནི་གང་མགྱོགས་ཀྱིས་སློབ་ཕྲུག་ཚོ་རང་སྐྱ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་པའི་ངེས་ཤེས་རྙེད་བྱུང་།སློབ་ཕྲུག་ཅིག་གིས་རང་ཉིད་ཀྱི་མི་ཚེའི་འཚོ་བའི་གནད་དོན་དེ་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཐག་གཅོད་ཐུབ་པ་བྱ་རྒྱུ་ནི།རང་སྐྱ་ཐུབ་པའི་ཆ་རྐྱེན་གཅིག་ཡིན་པ་མ་ཟད་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པ་ནི་བསྙོན་དུ་མེད།ཁོས་རང་ཉིད་ཀྱི་འཚོ་བའི་གནད་དོན་ཐག་གཅོད་མ་ཐུབ་ཚེ།སྤྱི་ཚོགས་ནང་ཕན་མི་ཐོག་མཁན་ཞིག་ཏུ་འགྱུར་ངེས་ཡིན་པ་མ་ཟད།སྤྱི་ཚོགས་ཀྱི་རྡོག་ཁྲེས་འབའ་ཞིག་ཏུ་འགྱུར་རྒྱུ་ལས་མ་འདས།དེར་བརྟེན་དཔལ་འབྱོར་གྱི་ཐད་ནས་རང་ཁ་རང་གསོ་ཐུབ་པ་བྱ་རྒྱུ་ནི་ཤེས་ཡོན་གྱི་དམིགས་བྱ་གཅིག་ཡིན་ངེས་ལ་ཡིན་ཡང་དགོས་ངེས།འོན་ཀྱང་དེ་ནི་ད་ལྟ་འདིར་ངའི་ངོས་ནས་གཙིགས་ཆེན་དུ་འཛིན་པའི་རང་སྐྱ་ཐུབ་པ་ཟེར་པའི་ཆ་དེ་མ་རེད།
       སློབ་ཕྲུག་གི་རྒྱུད་ལ་ཤེས་བྱ་འཇགས་ཐབས་ཀྱིས་རང་སྐྱ་ཐུབ་པ་ཞིག་ཏུ་བསྒྱུར་རྒྱུ་ནི་ཤེས་ཡོན་གྱི་འགན་འཁྲི་རེད།སློབ་ཕྲུག་དེ་རང་ཉིད་ཀྱི་ལག་ལེན་དང་གཞན་གྱི་ཉམས་མྱོང་གཉིས་ཀ་ལས་ཤེས་བྱ་མཁོ་བསྡུ་བྱེད་ཐུབ་མཁན་ཞིག་ཏུ་བསྒྱུར་དགོས། དེའི་ནང་དོན་ནི་དགེ་རྒན་ལ་རག་ལས་པ་ཞིག་མ་ཡིན་པ་སྟོན་གྱི་ཡོད།སློབ་ཕྲུག་ཅིག་འཛིན་རིམ་བཅུ་གཉིས་སམ་མཐོ་སློབ་མཐར་མ་ཕྱིན་གྱི་བར་གཞན་གྱི་ཁྲིད་སྟོན་ཁོ་ན་ལ་བརྟེན་དགོས་པའི་འདོད་ཚུལ་དེ་དོན་དངོས་སུ་རྒྱུ་མཚན་དང་ལྡན་པ་ཞིག་མ་རེད།སྐྲཾ་ཏའི་ནང་དུ་”ཕོ་ལོ་ན་བཅུ་དྲུག་ལ་སོན་ཚེ་གྲོགས་ཀྱི་འདུ་ཤེས་ཟུངས།”ཞེས་བརྗོད་སྲོལ་ཡོད་པ་ལྟར། ལོ་ན་བཅོ་ལྔ་ཡོལ་ནས་བཅུ་དྲུག་ལ་སོན་པ་ན། ཁྱེད་ཚོས་༼རཱ་མ་ཎའི་རྟོགས་བརྗོད།༽ནང་དུ་དྲང་སྲོང་ཝེ་ཤ་ཝཱ་མེ་ཏ་རཱ་(Visvamitra)མཆོག་རཱམ་(Ram)གྱི་ཡབ་དྷཱ་སཱ་རཱ་ཐ་(Dasarath)སར་ཡོང་ནས་རཱམ་ཁོ་བོར་ཞབས་ཏོག་བསྒྲུབ་ཏུ་མངགས་རོགས་ཞེས་རེ་བ་ཞུས་པའི་སྐོར་ལ་བསམ་བློ་ཐོངས་དང་།དྲང་སྲོང་གིས་”རཱམ་དང་ལག་ཤི་མན(Lakshman)གཉིས་ཁོ་བོའི་མཆོད་སྦྱིན་སྲུང་བར་མངགས་རོགས།”ཞུས་པར།ཡབ་དྷཱ་སཱ་རཱ་ཐ་ཡིས་རཱམ་མངགས་འདོད་མེད་པས།དྲང་སྲོང་ལ་ལན་དུ་རཱམ་ཞབས་ཏོག་བསྒྲུབ་ཏུ་མངགས་རྒྱུ་མིན་པའི་རྒྱུ་མཚན་ཅི་ཞིག་འཆད་ངེས་བསམ་བློ་ཐོངས་དང་།ཁོས་”ངའི་གཅེས་ཕྲུག་རཱམ་ད་དུང་ལོ་ན་བཅུ་དྲུག་ལ་སོན་མེད་པས།ཁྱེད་ལ་ཞབས་ཏོག་བསྒྲུབ་ཏུ་མངགས་རྒྱུར་ངས་བློས་ག་ལ་ཐོངས།”ཞེས་ལན་བཏབས་པར།  ཝཱ་སེ་ཤ་ཏཱ་(Vasishta)ཡིས་དྷཱ་སཱ་རཱ་ཐ་ལ་དྲང་སྲོང་ཝེ་ཤ་ཝཱ་མེ་ཏ་རཱ་མཆོག་གི་ཞབས་ནས་རཱམ་གྱི་རྒྱུད་ལ་ཤེས་བྱ་ཕུན་སུམ་ཚོགས་པ་འཇགས་ངེས་ཡིན་པས།ཤེས་ཡོན་སྦྱོང་ཆེད་མངགས་རོགས་ཞུ་བཞིན་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས།ངས་སྒྲུང་འདིའི་མཇུག་མུ་མཐུད་ནས་མ་བཤད་ཀྱང་ཁྱེད་ཚོས་ཤེས་ངེས།ངས་ཁྱེད་ཚོར་གསལ་བོར་བརྗོད་འདོད་པ་ནི་བུ་ཕྲུག་ཅིག་ལོ་ན་བཅུ་དྲུག་ལ་སོན་པ་ནས་རང་ཉིད་ཀྱི་ཧུར་བརྩོན་ལ་བརྟེན་ནས་ཤེས་ཡོན་རྒྱུད་ལ་སྦྱོར་ཐུབ་མཁན་ཞིག་ཆགས་དགོས་པའི་ལྟ་ཚུལ་དེ་ཡིན།བུ་ཕྲུག་ཅིག་ལོ་ན་བཅུ་དྲུག་ལ་སོན་པ་ནས་བཟུང་།ཚིག་མཛོད་ཀྱི་རིགས་བེད་སྤྱོད་གཏོང་ཚུལ་ཤེས་པ་དང་།བརྡ་སྤྲོད་རིག་པའི་དེབ་དང་།འཛམ་གླིང་ཤེས་བྱ་ཀུན་བཏུས་ཀྱི་དེབ།དེ་བཞིན་དཔྱད་གཞིའི་ཡིག་ཆ་རིགས་སྣ་ཚོགས་དགོས་མཁོ་ལ་གཞིགས་ཏེ་སྤྱོད་སྟངས་ཤེས་མཁན་ཞིག་ཆགས་དགོས་ལ།ས་ཁྲའི་རིགས་ཀྱི་དེབ་དང་།དཔེ་རིས་ཀྱི་ལམ་ནས་སྟོན་པའི་དེབ་དང་།གནས་ཡིག་སོགས་ཚད་ལྡན་གྱི་དེབ་དག་རང་ཉིད་ཀྱི་མ་སྐད་ནང་ནས་ཀློག་ཐུབ་པ་དང་གོ་དོན་ཇི་བཞིན་ལེན་ཐུབ་པའི་ཁར།སྐད་ཡིག་གཞན་དག་ཀྱང་རང་ཉིད་ཀྱི་ཧུར་བརྩོན་ལ་བརྟེན་ནས་སྦྱོང་ཐུབ་མཁན་ཞིག་ངེས་པར་ཆགས་དགོས།ཁོས་རང་ཉིད་ཀྱི་ལག་ལེན་དང་མྱོང་བ་དངོས་ལ་གཞིགས་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་སྐོར་ལའང་གོ་བ་ཟབ་མོ་ལེན་ཐུབ་མཁན་ཞིག་ཆགས་དགོས།ས་གཏིང་གི་ཆུ་འཐོབ་པར་ས་བྲུ་དགོས་པ་ལྟར།ཤེས་བྱ་ཡི་ཆུ་མིག་སྣ་ཚོགས་འདོན་པར་ཡང་སྤྱི་ཚོགས་དང་ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་ལྐོག་གྱུར་མང་པོ་ཞིག་གི་གཏིང་རིམ་སྔོགས་དགོས།
        བྱིས་པ་ཚོ་ལ་སློབ་གྲྭའི་ནང་དུ་སྐད་ཡིག་རིགས་མང་པོ་ཞིག་སློབ་ཁྲིད་བྱེད་ཐུབ་སྲིད་པ་རེད།འོན་ཀྱང་གལ་ཆེ་ཤོས་ནི་ང་ཚོས་ཁོང་ཚོ་སྐད་ཡིག་གཅིག་ལ་ནང་བྱན་ཆུབ་པ་བཟོས་ཏེ།དེའི་རྨང་གཞིའི་ཐོག་ནས་སྐད་ཡིག་རིག་པའི་རྩ་དོན་ལ་ངེས་པ་རྙེད་ནས་རང་ཉིད་ལ་མཁོ་བའི་སྐད་ཡིག་རིགས་གཞན་དག་སྦྱང་ཐུབ་པ་ཞིག་བྱ་དགོས།ང་ཚོས་སློབ་ཕྲུག་ཚོར་རང་ངོས་ནས་ཤེས་བྱའི་རིགས་སྦྱོང་ཐབས་ཡོང་བའི་ཁྲིད་སྟོན་བྱེད་དགོས།“འུ་ཅག་གིས་སློབ་བུའི་ཚོགས་ལ་ཅི་ཞིག་འཆད་དགོས་སམ།“ཞེས་པའི་དྲི་བ་འདི་ཧིན་རྡུའི་ཆོས་གཞུང་ཨོ་པཱ་ནི་ཤཱ་ཏ་(Upanishad)ཡི་ནང་དུ་ཡོད་ལ།དེའི་ལན་དུ་འུ་ཅག་གིས་སློབ་བུའི་ཚོགས་ལ་”རིག་བྱེད་ཀྱི་གཏམ་རྒྱུད།”འཆད་དགོས་ཞེས་གསལ་ཡོད།འུ་ཅག་གིས་སློབ་བུ་ཚོར་རིག་བྱེད་ཀྱི་གཏམ་རྒྱུད་ཁྲིད་པ་ན་ཡེ་ཤུའི་གསུང་རབ་ཀྱི་གཞུང་ལུགས་བརྗེད་འགྲོ་ལ།ཡེ་ཤུའི་གསུང་རབ་ཀྱི་གཞུང་ལུགས་ཁྲིད་པ་ན་ཁ་ཆེའི་གསུང་རབ་ཀྱི་གཞུང་ལུགས་བརྗེད་འགྲོ་བ་དང་།ཁ་ཆེའི་གསུང་རབ་ཀྱི་གཞུང་ལུགས་ཁྲིད་པ་ན་ནང་པའི་གསུང་རབ་ཀྱི་གཞུང་ལུགས་བརྗེད་འགྲོ་བ་དང་།ནང་པའི་གསུང་རབ་ཀྱི་གཞུང་ལགས་ཁྲིད་པ་ན་ཚན་རིག་གི་གཞུང་ལུགས་བརྗེད་འགྲོ་བ་དང་།ཚན་རིག་གི་གཞུང་ལུགས་ཁྲིད་པ་ན་ཆབ་སྲིད་དཔལ་འབྱོར་རིག་པའི་གཞུང་ལུགས་བརྗེད་འགྲོ་བཞིན་ཡོད།དེ་འདྲ་ཡིན་ན་ང་ཚོས་ཁྲིད་མཚམས་གང་ཞིག་ནས་འཛིན་དགོས་སམ།དེ་འདྲ་མ་རེད།ང་ཚོས་སློབ་བུ་ཚོར་རིག་བྱེད་ཀྱི་གཏམ་རྒྱུད་སོགས་ཁྲིད་རྒྱུའི་ཚབ་ལ།རིག་བྱེད་ཀྱི་གཏམ་རྒྱུད་དང་ཤེས་བྱ་ཡོད་ཚད་རང་ངོས་ནས་སྦྱོང་ཐུབ་པའི་ནུས་པ་དེ་བསྐྲུན་དགོས།ང་ཚོས་ཁོང་ཚོའི་ལག་ཏུ་རིག་གཞུང་གི་སྒོ་མོ་འབྱེད་པའི་ལྡེ་མིག་འཇོག་དགོས།
        གྲོགས་པོ་ཚོ།ཁྱེད་ཚོས་བྱིས་པ་ཚོར་སྦྱང་བྱ་ཞིག་གཏན་འབེབ་བྱས་པ་དེ་བྱིས་པ་ཚོའི་བློ་ཡིད་དུ་མི་ངེས་པར་རང་བཞིན་གྱིས་བརྗེད་འགྲོ་ལ།དེ་ཡོད་ཚད་མི་བརྗེད་པ་བྱས་ཏེ་བློ་ལ་འཛིན་རིན་ཡང་དེ་ཙམ་མེད་པ་གསལ་བོར་ཤེས་ཀྱི་ཡོད་པ་བཞིན་རེད།ཁྱེད་ཚོས་དེ་ཤེས་ཀྱི་ཡོད་པར་བརྟེན།གལ་ཏེ་སློབ་ཕྲུག་ཚོས་ཡིག་རྒྱུགས་ཀྱི་ཁྲོད་དུ་བརྒྱ་ཆ་སུམ་ཅུ་སོ་གསུམ་བླངས་པ་ན།ཡིག་རྒྱུགས་ཀྱི་ཚད་གཞི་ལོན་པར་བརྩི་བཞིན་ཡོད་པ་རེད།གལ་ཏེ་མི་ཞིག་ཁྱེད་ཀྱི་སར་མ་བྱན་གྱི་ལས་ཀ་འཚོལ་ཏུ་ཡོང་ནས།ཁོས་བག་ལེབ་བརྒྱ་བཟོ་དགོས་ན་དེའི་ནང་ནས་སུམ་ཅུ་བཞི་བཅུ་ཡས་མས་ཤིག་ཡག་པོ་ཆགས་ངེས།དེ་མིན་ལྷག་མ་རྣམས་ཡག་པོ་མི་ཡོང་ཞེས་པ་ན།ཁྱེད་ཀྱིས་མི་དེ་ལས་གཡོག་ལ་ཉར་རམ།བརྒྱ་ཆ་སུམ་ཅུ་སོ་གསུམ་ལེན་མཁན་གྱི་སློབ་ཕྲུག་དེ་བརྒྱ་ཆ་དྲུག་ཅུ་རེ་བདུན་གྱིས་ཚད་ལོན་མེད།འོན་ཀྱང་ང་ཚོས་ཁོང་ལ་ཁྲིད་པ་དག་གཅིག་ཀྱང་མ་ལུས་པར་དྲན་ཡིད་དུ་ཉར་མི་ཐུབ་པ་ཤེས་ཀྱི་ཡོད་པར་བརྟེན།ཁོས་ཡིག་རྒྱུགས་ཀྱི་ཚད་གཞི་ལོན་པར་ངོས་འཛིན་བྱེད་ཀྱི་ཡོད།གང་ཞིག་ཁྲིད་པ་ཚང་མ་ཁོ་རང་ལ་མཚོན་ན་བེད་སྤྱོད་དེ་ཙམ་མེད་པ་ཤེས་ཀྱི་ཡོད་པས།ང་ཚོས་བསམ་ཤེས་ཆེན་པོའི་སྒོ་ནས་ཁོང་ལ་དམིགས་བསལ་བྱེད་ཀྱི་ཡོད།
        ངས་སློབ་ཕྲུག་ཅིག་གིས་ཤེས་ཡོན་གྱི་ཚད་གཞི་དེ་བརྒྱ་ཆ་བརྒྱ་ནས་བརྒྱ་ལོན་ཐུབ་པ་དགོས་པའི་རེ་འདུན་འདོན་གྱི་ཡོད། ཁོས་དོན་དངོས་གང་འདྲ་ཞིག་ལ་ཡིན་ནའང་ངེས་པ་གསལ་པོ་རྙེད་དགོས།གལ་སྲིད་ཁོའི་སྣང་ངོར་”དེའི་དོན་དེ་འདྲ་ཞིག་མིན་ནམ་སྙམ་པའམ།”“དེའི་དོན་ཕལ་ཆེར་དེ་འདྲ་ཞིག་ཡིན་པར་ངེས།“སྙམ་པ་ནི་གོ་རྟོགས་སད་མེད་པའི་རྟགས་རེད།དོན་ལ་ངེས་ཤེས་རྙེད་པའི་མི་ཞིག་ཡིན་ན།འཛམ་གླིང་འདིའི་ནང་དཀའ་སྡུག་ཅི་འདྲ་ཞིག་ལ་འཕྲད་ཀྱང་རི་དྭགས་ཀྱི་རྒྱལ་པོ་སེང་གེ་བཞིན་དེར་ཞིམ་པ་མེད་པར་གདོང་ལེན་བྱེད་ཐུབ་མཁན་ཞིག་ཡིན་ངེས།སྔ་མོའི་དུས་སུ་སློབ་བུ་ཞིག་བསླབ་པ་མཐར་སོན་རྗེས་རང་གི་དགེ་རྒན་དང་ཁ་བྲལ་ཏེ་སྤྱི་ཚོགས་ནང་ཞུགས་རན་པའི་དུས་སུ།དགེ་རྒན་གྱིས་སློབ་བུ་དེར་གཟུངས་སྔགས་ཤིག་གནང་སྲོལ་ཡོད།དེ་ནི་ཁོ་བསླབ་པ་མཐར་སོན་པའི་འཛིན་བྱང་ཡིན། ཁོས་གཟུངས་སྔགས་དེ་ཡིད་ལ་བཟུང་ནས་སྤྱི་ཚོགས་ཀྱི་འཚོ་བའི་ནང་དུ་ཞུགས་དགོས། གཟུངས་སྔགས་དེ་ནི།
བདག་ནི་འཇིག་རྟེན་བྱེད་པོ་དཀོན་མཆོག་སྟེ།།
འཛམ་གླིང་ཕྱོགས་བཞི་བདག་གི་མདུན་ན་མཆིས།།
བདག་ལ་རྣམ་ཤེས་དབང་པོ་ལྡན་པས་ན།།
རྣམ་ཤེས་བྲལ་བའི་འདམ་གྱི་རྒྱུ་འདི་ཉིད།།
      གང་འདོད་བཅོས་པའི་ནུས་པ་བདག་ལ་ཡོད།།ཞེས་པ་འདི་རེད།སློབ་བུ་ཞིག་བསླབ་པ་མཐར་སོན་པའི་ཚེ།རང་ཉིད་ཀྱི་ནུས་པ་ལ་དེ་ལྟ་བུའི་གདེངས་ཚོད་ཅིག་ངེས་པར་ཏུ་ཡོད་དགོས།གནད་འགག་གཙོ་བོ་འདི་ཡིན་པ་ལས།གནས་ཚུལ་ཆུང་ཙག་རིགས་མཁོ་སྤྲོད་བྱེད་རྒྱུ་ཙམ་ཞིག་མ་རེད།ཤེས་ཡོན་གྱི་དམིགས་ཡུལ་ནི་མི་རྣམས་ལ་དགོས་མཁོ་ཆེ་བའི་ཤེས་བྱ་རེག་ཐབས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་དེ་རེད། ངའི་ངོས་ནས་ཤེས་ཡོན་ཞེས་པ་ནི་སྦྱང་གཉེར་གྱི་ཁྲོད་ནས་རང་སྐྱ་ཐུབ་པ་ཡོང་བ་ཞིག་ལ་ཟེར་གྱི་ཡོད།རྩ་དོན་གཉིས་པ་ནི་དེ་སྔ་བྷེའི་ཧར་མངའ་སྡེའི་ནང་གི་ཌར་ཀེ་ས་ཁུལ་ཏུ་འཚོགས་པའི་གཞི་རིམ་ཤེས་ཡོན་གྱི་ཚོགས་ཆེན་སྟེང་།ངས་བསམ་ཚུལ་བཏོན་པའི་ནང་གི་བརྗོད་གཞི་ཞིག་ཡིན་པ་རེད།ཕལ་ཆེར་ཁྱེད་ཚོའི་ནང་ནས་ཁ་ཤས་ཚོགས་འདུ་དེར་ཞུགས་ཡོད་རྒྱུ་རེད། དེང་སང་མི་དམངས་ཀྱི་བདེ་འཇགས་འགན་ལེན་པར་ཤེས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས་ཞེས་གཞུང་གི་འཛིན་སྐྱོང་འོག་ལ་བྱེ་བྲག་གི་སྡེ་ཚན་གཉིས་སུ་དབྱེ་ནས་ཡོད་པ་རེད།འོན་ཀྱང་འཚེ་མེད་ཞི་བདེའི་སྤྱི་ཚོགས་ཞིག་གི་ནང་།ཤེས་ཡོན་ནི་སྤྱི་ཚོགས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐབས་ལམ་ཞིག་ཡིན་པ་དང་།འུ་ཅག་གི་ཤེས་ཡོན་ཆུ་ཚད་ཅི་ཙམ་གྱིས་མཐོ་རུ་ཕྱིན་ན་དེ་ཙམ་གྱིས་བདེ་སྲུང་མི་སྣ་དང་།དྲག་པོའི་དམག་དཔུང་ཆེད་གཏོང་བའི་འགྲོ་སོང་ཉུང་དུ་འགྲོ་ངེས།ནམ་རྒྱུན་ང་ཚོས་ཤེས་ཡོན་གྱི་སྐོར་ལ་བསམ་བློ་གཏོང་སྐབས།དེ་འགྲོ་སོང་ཆེན་པོ་ཅན་གྱི་སྡེ་ཚན་ཞིག་ལ་བརྩིས་ནས་དཔལ་འབྱོར་གྱི་ཆུ་ཚད་ཞན་པའི་རང་རེའི་རྒྱལ་ཁབ་འདིར་དེའི་ཆེད་གཏོང་རྒྱུའི་མ་དངུལ་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པར་བརྗོད་ཀྱི་ཡོད།འོན་ཀྱང་དོན་དངོས་སུ་དཔལ་དང་འབྱོར་བ་ཞན་པའི་རང་རེའི་རྒྱལ་ཁབ་ཀྱི་ལོ་རེའི་ཡོངས་འབབ་ལས་ཕྱེད་ཀ་ལྷག་དམག་དོན་ཆེད་ནར་གཏོང་བྱེད་ཀྱི་ཡོད་པ་རེད།
      བདག་ཉིད་ཆེན་པོ་གྷན་དྷིའི་དུས་སུ།ང་ཚོས་རང་བཙན་གཙང་མའི་སྐོར་གླེང་བའི་སྐབས།ཉིན་ཞིག་ང་ཚོར་རང་བཙན་གཙང་མ་ཐོབ་པ་ན་ང་རང་ཚོ་ལ་ཁེ་ཕན་གང་དང་གང་ཡོད་པའི་ཐད་བསམ་བློ་བཏང་མྱོང་ཡོད་པ་རེད།རང་བཙན་གཙང་མ་ཐོབ་པ་ཡིན་ན།ཁེ་ཕན་གཅིག་ནི་ང་ཚོས་དམག་དོན་ཐད་འགྲོ་སོང་དངུལ་སྒོར་དུང་ཕྱུར་དྲུག་ཅུ་ལྷག་གཏོང་མི་དགོས་པའི་རྩིས་བརྒྱབས་པ་རེད།ང་ཚོས་དེ་སྔོན་རང་བཙན་ཐོབ་རྗེས།དམག་དོན་ཐད་ཀྱི་འགྲོ་སོང་ཕྱེད་ཀ་ཉུང་དུ་གཏོང་རྒྱུ། དབྱིན་གཞུང་ནི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཞིག་ཡིན་པས། མི་དམངས་ཀྱིས་ཡིད་ཆེས་བྱེད་ཀྱི་མེད་པར་བརྟེན།དམག་དཔུང་འབོར་ཆེན་ཞིག་ཉར་དགོས་ཐུག་པ་རེད།འོན་ཀྱང་རྒྱལ་ཁབ་རང་དབང་ཐོབ་པའི་ཉིན་མོ་དེ་ཤར་བ་ནས་ང་ཚོའི་འགྲོ་སོང་ཕྱེད་ཀ་ཉུང་དུ་གཏོང་རྒྱུ།ཞེས་བཤད་བསྡད་པ་རེད།དམ་བཅའ་དེར་ཅི་ཞིག་བྱུང་པ་རེད།རང་རེའི་འཆར་གཞི་ཚང་མར་གྲུབ་འབྲས་གང་ཡང་སོན་མེད། དེང་སང་ང་ཚོས་རང་རེའི་ཆེད་དུ་འཆར་གཞི་གང་ཡང་འཐེན་མི་དགོས་པར་འཆར་གཞི་ཚང་མ་རང་བཞིན་གྱིས་པཱ་ཀི་སུ་ཐན་གྱི་ངོས་ནས་འཐེན་ཡོང་གི་ཡོད།  གལ་ཏེ་པཱ་ཀི་སུ་ཐན་གྱིས་དམག་དོན་ཆེད་འགྲོ་སོང་ཇེ་མང་དུ་གཏོང་གི་ཡོད་ཚེ་ང་ཚོའི་ངོས་ནས་ཀྱང་དེ་ལྟར་བྱ་དགོས་ཐུག་གི་ཡོད། ང་རང་ཚོར་རང་ཉིད་ཀྱི་ཆེད་འཆར་འགོད་བྱེད་པའི་རང་དབང་མེད།འདིའི་ཐད་ང་ཚོར་ད་དུང་རང་དབང་ཆ་ཚང་ཞིག་ཐོབ་མེད།ཨ་རི་རྒྱལ་ཁབ་ཀྱི་གནས་སྟངས་ཀྱང་དེ་བཞིན་རེད།ཨ་རིས་དམག་དོན་ཆེད་འགྲོ་སོང་ཧ་ཅང་མང་པོ་གཏོང་གི་ཡོད།རྒྱུ་མཚན་ནི་ཨུ་རུ་སུ་རྒྱལ་ཁབ་རང་ཉིད་ཀྱི་སྔོན་ལ་ཤོར་ཉེན་ཆེ་བར་འཇིགས་སྣང་ཆེ་བས་རེད།ཕྱོགས་གཞན་ཞིག་ནས་བཤད་ན།ཨ་རིས་འཆར་གཞི་ཚང་མ་ཨུ་རུ་སུ་ལ་ལྟོས་ནས་འཐེན་གྱི་ཡོད་པ་དང་།ཨུ་རུ་སུས་འཆར་གཞི་ཚང་མ་ཨ་རི་ལ་ལྟོས་ནས་འཐེན་གྱི་ཡོད།དེ་བཞིན་པཱ་ཀི་སུ་ཐན་གྱིས་”རྒྱ་གར་ལ་དམག་དཔུང་དེ་འདྲའི་འབོར་ཆེན་ཞིག་འདུགང་ཚོའི་མགོར་ཅི་ཞིག་ཡོང་རྒྱུ་རེད།”ཟེར་གྱི་ཡོད།དེང་སང་རྒྱལ་ཁབ་སུ་ལ་ཡང་རང་དབང་གིས་འཆར་འགོད་བྱེད་དབང་མེད་པ་ལྟ་བུ་ཞིག་ཆགས་ཡོད།
        ཡང་དག་པའི་ཤེས་ཡོན་ནི་མཚོན་ཆ་ཞིག་ཡིན་པ་དང་།མཚོན་ཆ་དེས་མདའ་མཚོན་གཞན་ཚང་མ་ཕམ་པར་རྒྱག་ཐུབ། ཤེས་ཡོན་གྱིས་ནི་འཚེ་མེད་ཞི་བའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྲུང་སྐྱོབ་ཐུབ་པའི་བདེན་ཚིག་བསྒྲགས་དགོས།དེ་ལྟ་བུའི་སྟོབས་ཤུགས་ལྡན་པའི་ཤེས་ཡོན་ཞིག་མིན་ཚེ་སྤྱོད་སྒོ་དང་རིན་ཐང་གང་ཡང་མེད་པས།དེར་རང་དབང་གི་རྒྱལ་ཁ་ནམ་ཡང་འཐོབ་མི་སྲིད།དེར་བརྟེན་ཤེས་ཡོན་ལ་སྤྱི་ཚོགས་དང་།རྒྱལ་ཁབ།མི་སྒེར་བཅས་ཀྱི་དམིགས་ཡུལ་ལྡན་པ་རེད།གོང་དུ་ངས་མི་སྒེར་དང་འབྲེལ་བའི་ཤེས་ཡོན་གྱི་དམིགས་ཡུལ་ནི་སྦྱང་གཉེར་གྱི་ཁྲོད་ནས་རང་སྐྱ་ཐུབ་པ་ཡོང་རྒྱུ་དེ་ཡིན་པའི་སྐོར་བཤད་ཟིན་པ་ཡིན།རྒྱལ་ཁབ་ཅིག་དང་མིའི་རིགས་ལ་མཚོན་ན།ཤེས་ཡོན་གྱི་དམིགས་ཡུལ་ནི་འཇིགས་སྐྲག་གི་རྒྱ་ལས་ཐར་ཏེ་རང་དབང་ལ་ལོངས་སུ་སྤྱོད་རྒྱུ་དེ་རེད།དེ་ནི་རྒྱལ་ཁབ་གཅིག་ཁོ་ན་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཚོགས་སྡེ་ཧྲིལ་པོར་ཁྱབ་པ་ཞིག་ཡིན།དམིགས་ཡུལ་འདི་ལྟ་བུ་ཞིག་གྲུབ་པར་ཐབས་ཤེས་ཡོད་དགུ་འདོན་རྒྱུ་ནི་འུ་ཅག་གི་ལས་འགན་ཡིན་ལ།འདི་ནི་དེང་སང་ང་ཚོའི་མིག་སྔར་ཡོད་པའི་རླབས་ཆེན་གྱི་བྱ་གཞག་ཡིན་པ་རེད།དཔེར་ན།གྱོད་གཞི་དང་རྩོད་ཉོག་བགྲང་གིས་མི་ལང་བ་ཞིག་འབྱུང་གི་ཡོད་པར་ལྟོས་དང་།རྩོད་ཉོག་དེ་འདྲའི་མང་པོ་ཞིག་ཡོད་པའི་རྒྱུ་མཚན་གང་ལ་ཐུགས་པ་རེད།རྩོད་ཉོག་རིགས་འབྱུང་བའི་སྐབས་མི་ཚོས་འགལ་ཟླ་དེ་དག་སེལ་མི་ཐུབ་པའི་རྒྱུ་མཚན་གང་ལ་ཐུགས་པ་རེད།ང་ལ་མཚོན་ན་དེ་ནི་ཡང་དག་པའི་ཤེས་ཡོན་ཞིག་མེད་པར་ཐུགས་པ་རེད་སྙམ་གྱི་ཡོད།ཡང་དག་པའི་ཤེས་ཡོན་ཁོ་ན་ལ་བརྟེན་ནས་བྱམས་བརྩེ་དང་ཞི་བདེའི་ནུས་པ་གོང་མཐོར་གཏོང་ཐུབ་ངེས།
      གཞི་རིམ་ཤེས་ཡོན་ནི་སྡེ་ཚན་བྱེ་བྲག་པ་ཞིག་ཏུ་སྤྱོད་རྒྱུའི་(montessori)སློབ་ཁྲིད་ཐབས་ལམ་ལྟ་བུའི་ཤེས་ཡོན་ལམ་ལུགས་ཤིག་རེད་སྙམ་པའི་ལྟ་ཚུལ་ཞིག་ཚང་མར་ཡོད་པ་རེད།འོན་ཀྱང་དེ་ནི་ལམ་ལུགས་ཤིག་གམ་ཐབས་ཚུལ་ཞིག་གི་གནད་དོན་མ་རེད། གཞི་རིམ་ཤེས་ཡོན་ནི་སྣང་ཚུལ་གསར་པ་ཞིག་དང་འཇུག་སྒོ་གསར་པ་ཞིག་རེད།འཛམ་གླིང་ནང་གི་རྙོག་ཟིང་ཚང་མའི་འབྱུང་ཁུངས་ནི་ཤེས་ཡོན་དང་ངལ་རྩོལ་གཉིས་དབྱེ་འབྱེད་བྱས་པ་ལ་ཐུག་ཡོད།དེ་གཉིས་ཀྱི་ཐད་སེམས་ཁམས་རིག་པའི་སྣང་ཚུལ་ནོར་འཁྲུལ་ཅན་ཞིག་གིས་བསམ་བློའི་ནང་དུ་དབྱེ་བ་སོ་སོར་ཕྱེས་ཡོད་ལ།སྤྱི་ཚོགས་རིག་པའི་སྣང་ཚུལ་ནོར་འཁྲུལ་ཅན་ཞིག་གིས་འཚོ་བའི་ནང་དུ་དབྱེ་བ་སོ་སོར་ཕྱེས་ཡོད་པ་དང་།དཔལ་འབྱོར་རིག་པའི་སྣང་ཚུལ་ནོར་འཁྲུལ་ཅན་ཞིག་གིས་ཁྲོམ་རའི་ནང་དུ་རིན་ཐང་གི་དབྱེ་བ་སོ་སོར་ཕྱེས་ཡོད།
      ངའི་ངོས་ནས་བཤད་ན། ཤེས་ཡོན་གྱི་རྩ་དོན་གསུམ་པ་ནི། ཤེས་ཡོན་དང་ངལ་རྩོལ་གཉིས་ངོ་བོ་ཐ་དད་དུ་མི་དབྱེ་རྒྱུ་དེ་ཡིན། དེ་གཉིས་དབྱེ་བ་འབྱེད་མཁན་གྱི་མི་དེས་ཤེས་ཡོན་ཞེས་པའི་གོ་དོན་ཅི་ཡིན་རྟོགས་ཐུབ་མེད།ལས་རིགས་ཤིག་དང་མ་འབྲེལ་བའི་དོན་དམ་གྱི་ཤེས་ཡོན་ཞིག་རྩ་ནས་མེད།རྩ་དོན་འདིར་དམིགས་བསལ་གཅིག་ཡོད་པ་ནི་”ང་ཡིན་དང་།ང་ཡོད།”ཅེས་པའི་འདུ་ཤེས་འཛིན་སྟངས་དེ་རེད།རང་ཉིད་ལ་ངར་འཛིན་གྱི་འདུ་ཤེས་ཡོད་པ་དེ་ནི་ལས་རིགས་ལས་ཐ་དད་དུ་ཡོད།དེ་ནི་ལས་རིགས་ཀྱི་ཁྱབ་ཁོངས་ལས་འདས་པ་ཞིག་རེད།འོན་ཀྱང་མིའི་རྒྱུད་ཀྱི་བདག་འཛིན་གྱི་འདུ་ཤེས་དེ་མ་གཏོགས་གཞན་ཤེས་ཡོན་ཚང་མ་ལས་རིགས་དང་འབྲེལ་ནས་ཡོད།ཤེས་ཡོན་མེད་ཚེ་ལས་རིགས་མེད་ལ།ལས་རིགས་མེད་ཚེ་ཤེས་ཡོན་མེད།དེ་གཉིས་ངོ་བོ་གཅིག་ཡིན།འདི་ནི་གཞི་རྩའི་སེམས་ཁམས་ཀྱི་གནད་དོན་ཞིག་ལ་རག་ལས་པ་ལས་ཐབས་ཚུལ་ཞིག་གི་གནད་དོན་གང་ཡང་མ་རེད།མི་ཚོ་ང་སར་ཡོང་ནས་”བྷཱ་ཝེ་ལགས།ཁྱེད་ཀྱིས་རང་གི་ཤེས་ཡོན་གྱི་དགོངས་ཚུལ་འདི་ལ་གཟིགས་དང་།གལ་ཏེ་བྱིས་པ་ཚོས་ཉིན་རྟག་ཏུ་ཆུ་ཚོད་གཉིས་གསུམ་ཞིག་གི་རིང་ལ་ངལ་རྩོལ་བྱེད་དགོས་ཚེ།ཁོ་ཚོའི་རྒྱུད་ལ་ཤེས་ཡོན་ཞིག་ཅི་ལྟར་འཇགས་ཐུབ།”ཟེར།ངའི་བསམ་པར་དྲི་བ་འདི་གནད་འགག་ཆེན་པོ་རེད། ང་ཚོས་ངེས་པར་ཏུ་བསམ་བློ་གཏོང་དགོས་ས་ནི།ཆུ་ཚོད་གཉིས་གསུམ་ཞིག་གི་རིང་བྱིས་པ་ཚོ་ཀློག་དེབ་ལ་ཅེར་ནསབསྡད་པ་དེས་ཁོ་ཚོའི་རྒྱུད་ལ་ཤེས་ཡོན་ཞིག་འཇགས་ཐུབ་ཀྱི་ཡོད་དམ།ཆུ་ཚོད་གསུམ་བཞི་ཞིག་གི་རིང་དཔེ་དེབ་ཡང་དག་པ་ཞིག་བཀླགས་ན་ཧ་ཅང་ཡག་པོ་རེད། སློབ་ཕྲུག་གིས་ཆུ་ཚོད་གསུམ་གྱི་རིང་ཤོག་གྲངས་དྲུག་ཅུའམ་བདུན་ཅུ། ཕལ་ཆེར་བརྒྱད་ཅུ་ཙམ་ཡང་ཀློག་ཐུབ་ངེས། འོན་ཀྱང་ཁོའི་རྒྱུད་ལ་ཡོན་ཏན་རྣམ་དག་ཅིག་འབྱོར་སྲིད་དམ།ཤོག་གྲངས་མང་པོ་ཞིག་བཀླགས་པ་དེས་ཁོའི་མིག་གི་ཤ་གནད་དག་ལ་སྦྱོང་བརྡར་ཡག་པོ་ཞིག་རེག་སྲིད།དོན་དངོས་སུ་དཔེ་ཀློག་བྱ་རྒྱུ་ནི་ཤེས་ཡོན་རེག་པའི་ཐབས་ལམ་ཡག་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས།ང་ཚོ་ཚང་མའི་སེམས་སུ་དཔེ་ཀློག་བྱས་པ་དེ་ལས་སློབ་ཕྲུག་དེར་ཤེས་ཡོན་ཅིག་རེག་མེད་པའི་དོགས་པ་གཏན་ནས་སྐྱེ་མི་སྲིད།དེ་ནི་དེ་ལྟ་བུ་ཞིག་ཡིན་པར་ཆ་བཞག་ན་འགྲིགའོན་ཀྱང་དེ་ལས་ལྡོག་སྟེ་བཤད་ན།དཔེ་དེབ་ལས་སློབ་སྦྱོང་བྱེད་པ་ནི་ང་ཚོ་དང་དོན་དངོས་འཇིག་རྟེན་བར་གྱི་ཡོལ་བ་ལྟ་བུ་རེད།དཔེར་ན།ཤིང་ཏོག་ཨ་མྲ་ཡི་ཁྱད་ཆོས་དང་བྲོ་བ་དེ་ང་ཚོས་ཤིང་ཏོག་ཨ་མྲ་ཞིག་ཟོས་ན་མ་གཏོགས་དེབ་བཀླགས་པ་ཙམ་གྱིས་མི་ཤེས་པ་ལྟ་བུ་རེད།འདིའི་སྐོར་ལ་ཤཱང་ཀཱར་ཨཱཅརྱ་མཆོག་གིས་འགྲེལ་བརྗོད་གནངས་པའི་ནང་། བུ་རམ་ཞིག་དཔེར་བླངས་ཏེ་བཤད་དོན།འགྲེལ་བཤད་དང་།དཔེ་ཀློགརི་མོར་ལྟ་བ་སོགས་ཀྱིས་གོ་རྟོགས་བསྐྱེད་པར་གཞོགས་འདེགས་བྱ་ངེས་མོད།བུ་རམ་ཞེས་པ་དེ་སྟབས་བདེ་བོའི་སྒོ་ནས་ཤེས་ཐབས་ཡག་ཤོས་ནི།བུ་རམ་ཁ་ནང་ལ་བཅུག་ནས་བྲོ་བ་མྱོང་རྒྱུ་དེ་རེད། བུ་རམ་ཤིང་གཏུབ་སྟེ་ཁུ་བ་བཙིར།འཚག་བརྒྱབས།བུ་རམ་བཟོས།མཐར་ཁ་རུ་བཅུག་སྟེ་བྲོ་བ་མྱོང་མཁན་དེས་བུ་རམ་ཞེས་པ་དེ་ཅི་ཡིན་གསལ་བོར་ཤེས་ཐུབ།དེས་ན་སློབ་ཕྲུག་ཅིག་གིས་ངལ་རྩོལ་ཆེད་བཏང་བའི་དུས་ཚོད་དེས་ཁོའི་སློབ་སྦྱོང་གི་དུས་ཚོད་འཐུས་ཤོར་བཏང་ཡོད་པ་རེད་ཅེས་བཤད་ཐུབ་ཀྱི་འདུག་གམ།
      སྦྲང་མ་གསོ་སྐྱོང་བྱེད་སྟངས་A.B.Cཞེས་པའི་དེབ་ཅིག་གི་ནང་སྦྲང་མ་གསོ་སྐྱོང་བྱེད་སྟངས་ཞིབ་རྒྱས་འཁོད་འདུག དེ་བཀླགས་རྗེས་ངའི་བསམ་པར་”ད་ནི་སྦྲང་མ་ཁ་ཤས་བཟུང་སྟེ་གསོ་སྐྱོང་བྱ་ཐབས་བྱས་ན་ཡོང་ངེས”སྙམ་བྱུང་།འོན་ཀྱང་ཕར་རྒྱུག་ཚུར་རྒྱུག་བྱས་ནས་ཉིན་གྲངས་མང་པོ་ཞིག་མ་བསྐྱལ་བར་སྦྲང་མ་འཛིན་ཐུབ་མ་བྱུང་ལ།བཟུང་རྗེས་ཀྱང་ཟླ་ངོ་གཉིས་ལྷག་མ་འགོར་བར་གསོ་སྐྱོང་ཚད་ལྡན་ཞིག་ཡོང་གི་མི་འདུགཚང་མ་དེབ་ནང་བྲིས་ཡོད་པས།དེབ་ནང་བྲིས་པ་དེས་གཞོགས་འདེགས་མི་དམན་པ་ཞིག་བྱེད་ཀྱིན་ཡོད།འོན་ཀྱང་ངེས་ཤེས་གསལ་བོ་རྙེད་པའི་ཐབས་ལམ་ཡག་ཤོས་ནི་ལག་ལེན་དངོས་རེད།དཔེ་ཀློག་དང་དཔྱད་ཞིབ་བྱེད་པ་ནི་ལག་ལེན་ལ་གཞོགས་འདེགས་བྱེད་སྤྱད་རེད།དེ་གཉིས་གཞོགས་འདེགས་བྱེད་སྤྱད་ཀྱི་ཡོ་བྱད་ཁོ་ན་རེད།དེ་ནི་”ཁོང་ལ་མིག་ཤེལ་མེད་པས་ཇི་ལྟར་མཐོང་”ཞེས་པ་ལྟ་བུ་རེད།མཐོང་བྱེད་ཀྱི་དབང་པོ་ནི་མིག་ཟུང་གཉིས་ཡིན་པ་ལས་མིག་ཤེལ་མ་རེད།མིག་ཤེལ་ནི་གཞོགས་འདེགས་བྱེད་སྤྱད་ཀྱི་ཡོ་བྱད་ཙམ་རེད།འོན་ཀྱང་མིག་དབང་གི་ནུས་པ་ཉམས་ཡོད་ཚེ་མིག་ཤེལ་གྱིས་གཞོགས་འདེགས་མི་དམན་པ་བྱ་ཐུབ་ངེས།གང་ལྟར་མིག་ཟུང་གཉིས་ནི་གཙོ་བོ་དང་མིག་ཤེལ་ནི་ཕལ་བ་རེད།དེ་བཞིན་དེབ་ནི་མིག་ཤེལ་བཞིན་ཕལ་ཡིན་པས།དེབ་ཀྱི་རིགས་ནི་ཤེས་ཡོན་རྒྱུད་ལ་འཇགས་བྱེད་ཀྱི་ཡོ་བྱད་གལ་ཆེ་ཤོས་དེ་མ་རེད།
        བྱིས་པ་ཚོའི་ཀློག་དེབ་ལ་ལྟ་བའི་དུས་ཚོད་ཉུང་དུ་བཏང་ཚེ་ཁོང་ཚོའི་རྒྱུད་ལ་ཤེས་ཡོན་ཞིག་འཇགས་ཐུབ་ཀྱི་མ་རེད་སྙམ་སྟེ་བློ་འཚབ་སྐྱེ་བ་ནི་གནད་དོན་ཡག་པོ་མ་ཤེས་པའི་རྟགས་རེད།དེ་ནི་ནོར་འཁྲུལ་ཅན་གྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ཤིག་ལ་བརྟེན་ནས་བྱུང་བ་རེད། དོན་དངོས་སུ་ཤེས་ཡོན་དང་ངལ་རྩོལ་གཉིས་ནི་ཟུང་འབྲེལ་ཡིན་པ་རེད། ངས་ད་ལྟ་བཤད་པ་བཞིན་སློབ་གཉེར་དང་ངལ་རྩོལ་གཉིས་དབྱེ་བ་སོ་སོར་ཕྱེས་པ་དེས་སྤྱི་ཚོགས་ནང་དུའང་དྲང་བདེན་མིན་པའི་གནས་བབ་ཞིག་བསྐྲུན་ཡོད།མི་ཁ་ཤས་ལ་སློབ་གཉེར་བྱ་རྒྱུ་ལས་གོ་སྐབས་གཞན་ཅི་ཡང་མ་སྤྲད་པ་དང་།མི་ཁ་ཤས་ལ་ངལ་རྩོལ་བྱ་རྒྱུ་ལས་གོ་སྐབས་གཞན་ཅི་ཡང་མ་སྤྲད་པས།སྤྱི་ཚོགས་ཀྱི་ངོ་བོ་དེ་དབྱེ་བ་གཉིས་སུ་གྱེས་ནས་ཡོད།ལུས་ཤུགས་ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཚོས་སྤྱི་ཚོགས་ཀྱི་སྡེ་ཚན་གཅིག་གྲུབ་ཡོད་པ་དང་།ཀླད་ཤུགས་ངལ་རྩོལ་ལ་བརྟེན་མཁན་ཚོས་སྤྱི་ཚོགས་ཀྱི་སྡེ་ཚན་གཞན་ཞིག་གྲུབ་ཡོད།འདི་ལྟར་དབྱེ་བ་སོས་སོར་ཕྱེས་པ་དེས་སྤྱི་ཚོགས་དྲང་བདེན་མིན་པའི་གནས་སྟངས་ཡ་ང་བ་ཞིག་ཏུ་བསྒྱུར་ཡོད།ངས་ད་དུང་དཔལ་འབྱོར་ཐད་དྲང་བདེན་མིན་པའི་སྐོར་ལའང་བཤད་ཡོད།ལུས་ཤུགས་ངལ་རྩོལ་བ་ཚོར་ཉིན་གཅིག་ལ་གླ་ཆ་ཨ་ནཱ་བཅུ་གཉིས་སམ་སྒོར་གཅིག་ལས་སྤྲོད་ཀྱི་མེད།འོན་ཀྱང་ཀླད་ཤུགས་ངལ་རྩོལ་བ་ཚོར་ཉིན་གཅིག་ལ་གླ་ཆ་སྒོོར་ཉི་ཤུ་རྩ་ལྔའམ་སུམ་ཅུ་སྤྲོད་ཀྱི་ཡོད།ལུས་ཤུགས་དང་ཀླད་ཤུགས་ངལ་རྩོལ་གྱི་རིན་ཐང་ལ་དབྱེ་ཁྱད་ཆེན་པོ་ཕྱེས་པ་དེས་དྲང་བདེན་མིན་པའི་གནས་བབ་ཚབས་ཆེན་ཞིག་བསྐྲུན་ཡོད།ནོར་འཁྲུལ་ཅན་གྱི་བསམ་བློའི་འདུ་ཤེས་དང་།སྤྱི་ཚོགས་ནང་དུ་དབྱེ་འབྱེད་ཡོད་པ།ངལ་རྩོལ་གྲུབ་འབྲས་ཀྱི་རིན་ཐང་རྩི་སྟངས་འདྲ་མཉམ་མིན་པ་བཅས་ཀྱི་ནོར་འཁྲུལ་འདི་གསུམ་པོ་ངེས་པར་ཏུ་ཡོ་སྲིང་བྱ་དགོས།དྲང་བདེན་མིན་པའི་གནས་སྟངས་འདི་རྨང་ནས་བསྒྱུར་བཅོས་བྱ་རྒྱུ་ནི་རང་རེའི་ཤེས་ཡོན་གྱི་དམིགས་ཡུལ་ཏུ་འཛིན་དགོས།དེ་ནི་ངའི་རྩ་དོན་གསུམ་པ་ཡིན་ལ། ཁ་ཚ་དགོས་གཏུགས་ཀྱི་གནད་འགག་ཞིག་ཀྱང་ཡིན་པ་རེད།
      ངལ་རྩོལ་དང་སློབ་གཉེར་གྱི་ངོ་བོ་ཐ་དད་དུ་འཛིན་པ་དེ་མེད་པར་བཟོས་ནའང།དེ་མེད་པར་བཟོས་པ་ཙམ་གྱིས་སྤྲོ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ཀྱི་མི་འདུགགནད་དོན་འདིའི་དབང་གིས་ངའི་སེམས་སུ་གཞི་རྩའི་ཤེས་ཡོན་གྱི་རྩ་དོན་བཞི་བཞི་པ་འཁོར་བ་རེད།དཔྱད་ཞིབ་བྱས་པའི་མཐའ་དོན་ཏུ་དྲི་བ་གཅིག་ཡོད་པ་ནི།ཅི་འདྲ་ཞིག་ལ་མིའི་རིགས་ཀྱི་འཚོ་བ་སྐྱེལ་ཐབས་ཡང་དག་པ་ཟེར་ཞེས་པ་དེ་རེད།ངའི་ངོས་ནས་དྲི་བ་འདིའི་ལན་ནི།ང་ཚོ་རང་བྱུང་ཁམས་དང་ཁ་ཐག་ཇི་ཙམ་ཉེ་བོའི་སྒོ་ནས་འཚོ་བ་སྐྱེལ་རྒྱུ་བྱུང་ན་དེ་ཙམ་གྱིས་མི་ཚེར་སྤྲོ་སྣང་དང་བདེ་སྐྱིད་ལྡན་ལ།རང་བྱུང་ཁམས་དང་ཁ་ཐག་ཇི་ཙམ་གྱིས་རིང་དུ་གྱུར་ན་དེ་ཙམ་གྱིས་མི་ཚེར་འདོད་བློ་མི་ཚིམས་པ་ཞིག་ཡོང་བ་དེ་ཡིན།ས་གནས་གཞན་ཞིག་ཏུ་ངས་སཱར་ཝོ་དྷཱ་ཡཱ་དཔལ་འབྱོར་རིག་པ་SarvodayaEconomicsནི་རྩ་དོན་ཆེན་པོ་གཉིས་ལ་གཞི་བཞག་ཡོད་ཚུལ་བཤད་མྱོང་།རྩ་དོན་དང་པོ་ནི།མི་འབོར་གྱི་བརྒྱ་ཆ་གང་ཉུང་ཉུང་ཞིག་གིས་ཞིང་ལས་ཐོན་སྐྱེད་གཉེར་རྒྱུ་དང་།མི་འབོར་གྱི་བརྒྱ་ཆ་གང་མང་མང་གིས་ཞིང་ལས་མ་ཡིན་པའི་ཐོན་སྐྱེད་ལས་རིགས་གཞན་གཉེར་ཐབས་བྱ་རྒྱུ་དེ་རེད།རྩ་དོན་གཉིས་པ་ནི།མི་འབོར་གྱི་བརྒྱ་ཆ་བརྒྱ་ཐམ་པ་ཆ་ཚང་ཞིང་ལས་ཐོན་སྐྱེད་དང་ཁ་མ་བྲལ་བར་འཚོ་བ་སྐྱེལ་རྒྱུ་དེ་རེད།གལ་ཏེ་མི་ཞིག་ཞིང་ལས་ཐོན་སྐྱེད་གཉེར་བའི་འཚོ་བ་དང་ཁ་བྲལ་བ་ན།ཁོའི་མི་ཚེ་ནི་དོན་སྙིང་མེད་པ་དང་།ཡིད་མི་ཚིམས་པ་ཞིག་ཏུ་འགྱུར་ངེས།མི་ཚང་མའི་འཚོ་བའི་རྩ་བ་ས་གཞི་རུ་ཚུགས་པར་ས་གཞི་དང་འབྲེལ་བ་དམ་ཟབ་ཡོད་དགོས།མིའི་རིགས་ཀྱི་འཚོ་བ་ནི།རང་ཉིད་སྐྱེད་འཚར་བྱ་སའི་ས་གཞི་དང་ཁ་བྲལ་བ་ན་གསོན་ཤུགས་རྒྱས་མི་ཐུབ་པའི་ཤིང་སྡོང་ལྟ་བུ་ཞིག་རེད།དེར་བརྟེན་མི་ཚང་མ་ས་གཞི་ལ་གོམས་འདྲིས་བྱ་བའི་གོ་སྐབས་ངེས་པར་ཏུ་དགོས་མོད།དེ་དང་ལྷན་ཏུ་མི་འབོར་གྱི་བརྒྱ་ཆ་གང་ཉུང་ཉུང་ཞིག་གིས་ས་ཞིང་རྨོ་འདེབས་ཀྱི་ལས་ཀ་ཆ་ཚང་གཉེར་ཐབས་བྱས་ཏེ།ཞིང་ལས་ཐོན་སྐྱེད་ཀྱི་ཚོང་ལས་ཚད་ལྡན་ཞིག་གཉེར་ཐུབ་པ་བྱ་དགོས།འདི་ནི་སཱར་ཝོ་དྷཱ་ཡཱ་དཔལ་འབྱོར་རིག་པའི་རྩ་དོན་གཉིས་པོ་དེ་རེད།དེ་གཉིས་ཕན་ཚུན་འགལ་བ་ཡིན་པ་ལྟར་སྣང་མོད།དོན་དངོས་སུ་དེ་གཉིས་ཀ་སཱར་ཝོ་དྷཱ་ཡཱ་དཔལ་འབྱོར་རིག་པའི་མ་ལག་རེད།ཟས་རིགས་ཐོན་སྐྱེད་ནི་མིའི་མི་ཚེའི་དགོས་མཁོའི་ཆ་ཤས་གཅིག་ཙམ་རེད།དེ་དོན་ཏུ་གཉེར་ཆེད་ཚད་ལས་བརྒལ་བའི་དུས་ཚོད་དང་ངལ་རྩོལ་ནུས་ཤུགས་མང་པོ་ཞིག་གཏོང་དགོས་དོན་མེད།མིའི་རིགས་ཀྱི་བདེ་སྐྱིད་དངོས་ནི་མི་ཚེའི་ནང་གི་དུས་ཚོད་མང་ཆེ་ཤོས་འཇིག་རྟེན་ལ་མཚར་སྡུག་སྣོན་པའི་ཡིད་འོང་གི་བྱ་གཞག་གཞན་དག་བསྒྲུབ་ཆེད་ལེགས་སྐྱེས་སུ་ཕུལ་བ་ཁོ་ན་ལས་འཐོབ་ཀྱི་ཡོད།དེ་བཞིན་སའི་གོ་ལ་དང་འབྲེལ་བ་དམ་ཟབ་ཀྱིས་འཚོ་བ་སྐྱེལ་རྒྱུ་ནི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་དགོས་མཁོ་ཞིག་ཡིན།རྒྱལ་ཁབ་བམ་དཔལ་ཡོན་གང་རུང་ཞིག་ཞིང་ལས་ཐོན་སྐྱེད་གཉེར་རྒྱུའི་ལས་དང་ཁ་བྲལ་ཚེ།སྔ་ཕྱི་མ་གཏོགས་དེའི་ཕྱི་ནང་གི་སྟོབས་ཤུགས་ཡོད་ཚད་ཉམས་ནས་རྒུད་པར་འགྱུར་རྒྱུ་ནི་ངེས་པ་ཞིག་རེད།
      དེས་ན་ཡང་དག་པའི་ཤེས་ཡོན་ནི་རང་བྱུང་ཁམས་དང་འབྲེལ་ནས་ཡོད་པ་ཞིག་ཡིན་པས།གྲོང་ཁྱེར་ཆེན་པོ་དག་གི་ནང་འདི་ལྟ་བུའི་ཤེས་ཡོན་ཞིག་ཇི་ལྟར་སྤེལ་ཐུབ་ཅེ་ན།གྲོང་ཁྱེར་དག་ཞིང་ལས་རྨོ་འདེབས་ཀྱི་ལས་དང་ཁ་བྲལ་ནས་ཡོད་པ་དེ་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད། མིའི་རིགས་ཀྱི་འཚོ་གནས་ལ་འདི་ལྟ་བུའི་གྱོང་གུན་ཆེན་པོ་ཞིག་ག་ལ་ཡོད། བདག་དེ་སྔོན་བཙོན་ཁང་ནང་ཡོད་དུས། ཕྱོགས་མང་པོ་ཞིག་ནས་སྐྱིད་སྣང་སྐྱེས་བསྡད་པ་ཡིན་ལ།ང་རང་ཧ་ཅང་སྐྱིད་སྣང་སྐྱེས་བསྡད་པ་དེས་མི་ཚང་མར་བག་ཆགས་ཟབ་མོ་བཞག་ཡོད།ཉིན་ཞིག་བཙོན་སྲུང་བས་ང་ལ་”ཁྱེད་རང་ཆོག་ཤེས་ཧ་ཅང་ཆེ་བའི་ཉམས་སྣང་འདུགཁྱེད་རང་གི་སེམས་ལ་བསམ་རྒྱུ་དྲན་རྒྱུ་ཅི་ཡང་མི་འདུག་གམ།”ཟེར།ངས་”ཡོད།ང་ལ་བསམ་རྒྱུ་དང་དྲན་རྒྱུ་གཅིག་ཡོད།”ཅེས་བཤད་པ་དང་།ཁོས་”དེ་ཅི་ཞིག་རེད།ང་ལ་ཤོད་དང་།”ཟེར།བཙོན་སྲུང་དེའི་སེམས་སུ་ང་ལ་འཇིག་རྟེན་འདིར་བསམ་རྒྱུ་དྲན་རྒྱུ་གཅིག་ཀྱང་མེད་པ་འདྲ་སྙམ་ཡོད་པ་ཐག་གིས་ཆོད།ངས་ཁོ་ལ་”གནད་དོན་དེ་རྟོགས་པར་ཁྱེད་རང་གི་རིག་རྩལ་བེད་སྤྱོད་མི་གཏོང་དོན་ཅི་ཡིན།ཁྱེད་རང་གིས་བསམ་བློ་ཐོངས་དང་།ངས་ཁྱེད་ལ་བདུན་ཕྲག་གཅིག་གི་གོ་སྐབས་སྤྲད་ཆོག”ཞེས་པ་ན།ཁོས་བདུན་ཕྲག་གཅིག་རིང་བསམ་བློ་བཏང་རྗེས་ང་སར་ཡོང་སྟེ”ངས་ཁྱེད་རང་གིས་དྲན་བཞིན་པ་དེ་ཅི་ཞིག་ཡིན་ཤེས་མ་བྱུང་།”ཟེར།དེ་ནས་ངས་ཁོ་ལ་”སྤྱིར་ང་ཅི་ཞིག་གི་ཐད་ལ་ཡིན་ཡང་ཆོག་ཤེས་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ཞོགས་པ་དང་སྲོད་ཀའི་དྲོད་སྐྱིད་ལྡན་པའི་ཉི་མ་འཆར་ནུབ་ཀྱི་སྣང་བ་དེ་ངའི་མིག་ཟུང་གི་སྤྱོད་ཡུལ་ལས་རིང་དུ་གྱུར་བ་འདིས་བདག་སེམས་སུ་ཡིད་མུག་གི་གདུང་བ་ཟབ་མོ་སྦྱིན་གྱི་ཡོད་པ་དེ་རེད།”ཅེས་བཤད་པ་ཡིན།
     ཕྱི་རོལ་ཏུ་སོང་སྟེ་རང་བྱུང་ཁམས་ཀྱི་བཀོད་པ་སྣ་ཚོགས་ལ་ལོངས་སུ་སྤྱོད་རྒྱུའི་སྐལ་བ་ཞིག་བྱུང་ན་ཅི་འདྲའི་སྐྱིད་སྣང་ཆེ་ཞིང་སྤྲོ་སེམས་འཁོལ་བ་ཞིག་ཡིན་ངེས་ཨང་།གྲོང་ཁྱེར་ནང་འདུག་མཁན་ཚོས་སྐྱིད་སྣང་འདི་ཅི་འདྲ་ཞིག་ཡིན་མི་ཚོར་པས།སྙིང་རྗེ་ཁོ་ཚོས་ཅི་ཞིག་བྱ།ཁོ་ཚོས་མེ་ཏོག་བུམ་པ་ཞིག་གི་ནང་དུ་ཤོག་བུའི་མེ་ཏོག་འགའ་བཙུགས་ཤིང་།རྩིག་པའི་ལྡེབས་ངོས་སུ་ཉི་མ་འཆར་ནུབ་ཀྱི་མཛེས་རིས་བཀོད་པའི་པར་རེ་སྦྱར་ཁུལ་བྱེད་ཀྱི་ཡོད།མཚན་མོར་ཁོ་ཚོས་མཁའ་དབྱིངས་ཀྱི་རྒྱུ་སྐར་ཡང་མཐོང་གི་མེད།ཁོ་ཚོའི་མི་ཚེ་ནི་ཧ་ཅང་བཅོས་མའི་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད།འཇར་མན་གྱི་མཚན་ཉིད་སྨྲ་བ་ཞིག་ལ་མི་ཚེའི་ནང་ཆེས་ཡིད་དུ་འོང་བ་ནི་ཅི་ཞིག་ཡིན་དྲིས་པར།ཁོང་གིས་”ཟེར་འོད་ཆེམ་ཆེམ་སྤྲོ་བའི་དགུང་གི་སྐར་ཚོགས་དང་།ནང་ཀུན་སྤྱོད་ཀྱི་ཆོས་ཉིད་ཡིན་པ་རེད།”ཅེས་གསུངས།གྲོང་ཁྱེར་དག་གི་ནང་བཅོས་མའི་གློག་སྒྲོན་སྣ་ཚོགས་ཀྱི་ངོགས་སུ་ཟེར་འོད་ཆེམ་ཆེམ་སྤྲོ་བའི་སྐར་ཚོགས་ཀྱི་མཚར་སྡུག་ལོངས་སུ་སྤྱོད་ག་ལ་ཐུབ།སྐབས་རེར་ངའི་བསམ་པར་ད་ནི་མི་འདི་ཚོར་མེད་བརླགས་སུ་གཏོང་རྒྱུ་ཅི་ཞིག་ལྷག་ཡོད་དམ་སྙམ་གྱི་ཡོད། ཁོ་ཚོས་ང་ཚོར་ཞི་བདེ་དང་།ངལ་གསོ།བག་ཕེབས་ཀྱི་གོ་སྐབས་འཐོབ་ཆེད་རང་བྱུང་ཁམས་ཀྱིས་བསྩལ་བའི་མཚན་མོའི་མུན་པ་ཡང་མཐར་སྐྲོད་བཏང་བ་རེད།ཁ་ཕྱོགས་གང་ལ་འཁོར་ཡང་གློག་སྒྲོན།གློག་སྒྲོན།གློག་སྒྲོན་གྱིས་ཁེངས་འདུགའདི་ལས་ལྷག་པའིི་གཏོར་བཅོམ་རིང་ལུགས་ཤིག་གང་ན་ཡོད།
    མི་ཞིག་དགུང་གི་སྐར་ཚོགས་དང་རང་བྱུང་ཁོར་ཡུག་གི་འཇིག་རྟེན་ལ་ཁ་ཐག་ཇེ་རིང་དུ་གྱུར་ཚེ།ཁོའི་མི་ཚེའི་ནང་དོན་དམ་གྱི་སྐྱིད་སྣང་ཞིག་ཡོད་མི་སྲིད།འདིའི་བསྟན་དོན་ནི།ཤེས་ཡོན་གྱི་མིག་སྔར་ལྷག་པའི་ལས་འགན་ནི་དེང་སང་གྲོང་ཁྱེར་ཁག་ནང་ཡོད་པའི་མི་ཚེའི་འཚོ་བའི་གོམས་གཤིས་དང་རིན་ཐང་ལྟ་ཚུལ་ཚང་མ་རྩ་བ་ནས་བཅོས་བསྒྱུར་བྱ་རྒྱུ་དེ་རེད།བྱ་གཞག་འདི་བསྒྲུབ་རྒྱུ་ནི་མིའི་རིགས་སྤྱི་ལ་རག་ལས་པ་ཞིག་ལས་ཁྱེད་ཚོ་དང་ང་གཅིག་པུ་ལ་རག་ལུས་པ་ཞིག་མ་རེད། མི་ཚོས་ང་ལ་གྲོང་ཁྱེར་ཁག་གི་ནང་ཤེས་ཡོན་ལམ་ལུགས་ཇི་ལྟ་བུ་ཞིག་འཆར་འགོད་བྱས་ན་འཚམ་པོ་ཡོད་ཚུལ་དྲིས་དུས་སུ།ངས་གྲོང་ཁྱེར་དེ་དག་ཆེས་སྙིང་རྗེ་སྐྱེ་དགོས་པའི་ཡུལ་ཞིག་ཏུ་ཚོར་གྱི་ཡོད།དེ་ནི་མིག་དབང་ཉམས་པའི་ལོང་བ་ཞིག་གི་རྒྱུད་ལ་ཤེས་ཡོན་འཇག་ཐབས་ཅི་དགེ་འདྲི་བ་དང་གཅིག་མཚུངས་རེད།ལོང་བ་ཞིག་ལ་ཤེས་ཡོན་སྤྲོད་པའི་འཆར་གཞིའི་ནང་ཤེས་ཡོན་སྤྲོད་མཁན་དེས་ངེས་པར་ཏུ་དྲན་དགོས་པ་ནི་ལོང་བ་དེར་ཤེས་ཡོན་སྦྱོང་བྱེད་ཀྱི་ཡོ་བྱད་གལ་ཆེན་ཞིག་ཚང་མེད་པ་དེ་རེད། ཡན་ལག་ཞ་བོ་དང་། ཁྱིམ་གཞི་མེད་ས།ཀླད་དབང་སྐྱོན་ཅན་རིགས་ཀྱི་ཆེད་སྙིང་རྗེའི་ཀུན་ནས་བསླངས་ཏེ་ཤེས་ཡོན་སྤྲོད་ཐབས་ཀྱི་འཆར་གཞི་འཐེན་དགོས་པའང་དེ་བཞིན་རེད།འོན་ཀྱང་ཤེས་ཡོན་སྤྲོད་མཁན་གྱི་ངོས་ནས་འབད་པ་ཅི་ཙམ་བྱས་ཀྱང་ཁོང་ཚོའི་ངོས་ཀྱི་མི་ཚང་བའི་ཆ་རྐྱེན་དེ་རང་འཇགས་ལས་མ་འདས།གྲོང་ཁྱེར་ནང་གི་བྱིས་པ་ཚོ་ཡང་དཀའ་གནད་ཆེན་པོ་ཞིག་ལ་འཕྲད་ཡོད།ཁོ་ཚོ་རང་བྱུང་ཁམས་དང་འབྲེལ་འདྲིས་ཧ་ཅང་ཉུང་།དེར་བརྟེན་ང་ཚོས་དོན་དངོས་ཀྱི་གནད་དོན་འདི་གཞི་རྩར་བཟུང་ནས་འཆར་གཞི་འཐེན་དགོས། ཤེས་ཡོན་གྱི་ཐབས་ལམ་བརྒྱུད་ནས་ཁོ་ཚོ་རང་བྱུང་ཁམས་དང་ཁ་ཐག་ཇེ་ཉེར་གཏོང་ཐབས་ལ་འབད་བརྩོན་གང་ལེགས་བྱ་དགོས། 
      རིག་བྱེད་ཀྱི་གཏམ་རྒྱུད་ནང་དུ་ལྷ་ཆེན་ཨིན་ཌ་རཱ་ཡི་མཚན་ལ་པོ་རཱན་ཌཱ་རཱ་ཟེར་བ་དང་།ཁོང་གིས་གྲོང་ཁྱེར་དག་བཤིག་གཏོར་བྱེད་ཀྱི་ཡོད།ལྕི་བོངས་ཆེན་པོ་ཞིག་གི་སྟེང་འབུ་ཚོགས་གྲངས་མེད་འདུ་རུབ་བྱེད་པ་ལྟར།གྲོང་ཁྱེེར་ནང་དུ་དངུལ་གྱི་ཆེད་མི་འབོར་ས་ཡ་མང་པོ་འཚང་ཁ་ཤིག་ཤིག་གིས་གནས་སྡོད་བྱེད་པ་དང་།སྡོད་ཁང་གིས་མ་འདང་བའི་དཀའ་ངལ་གྱིས་ཁང་པ་གཅིག་སྒང་ལ་གཅིག་བརྩེགས་དགོས་པའི་གནས་སུ་གྱར་ཡོད།ཀཱལ་ཀ་ཌཱ་གྲོང་ཁྱེར་ཏུ་ཀ་རུ་ཤ་ཆེ་ཝ་མཆོག་གིས་རྡུལ་ཕྲན་མཚོན་ཆའི་དུས་རབས་འདིའི་ནང་ཁང་རྩེག་ཆེན་པོ་འདི་ཚོ་ནམ་ཞིག་འུ་ཅག་གི་དགྲ་རུ་ལངས་སྲིད་ཅེས་དགོངས་ཚུལ་བཏོན་མྱོང་།རང་རེའི་ཤེས་ཡོན་ནི་ཅི་ཙམ་གྱིས་སྟབས་བདེ་ཞིང་བཅོས་མ་མིན་པའི་མི་ཚེ་སྐྱེལ་སྟངས་དང་འབྲེལ་ཆེ་ན་དེ་ཙམ་གྱིས་ལེགས་པ་ཡོད།དོན་དེ་ང་ཚོའི་དམིགས་ཡུལ་ཏུ་བཟུང་སྟེ་བཅོས་མའི་མི་ཚེ་སྐྱེལ་སྟངས་འདི་རིང་འདོར་ཐབས་བྱ་དགོས།
     ང་ལ་ད་དུང་འུ་ཅག་གིས་”བཅོས་མ་མིན་པའི་མི་ཚེ་སྐྱེལ་སྟངས”འདིའི་གོ་དོན་ཡང་དག་ཞིག་རྟོགས་ཡོད་མེད་ཐད་སྐད་ཆ་འགའ་བཤད་རྒྱུ་ཡོད།ཚན་རྩལ་ཡར་རྒྱས་ཕྱིན་པ་འདིས་འཛམ་གླིང་ཧྲིལ་པོ་དཀའ་ངལ་གསར་པ་ཞིག་ལ་འཕྲད་བཅུག་ཡོད།མི་རབས་སྔ་མ་ཚོའི་སྐབས་སུ་བྱིས་པ་མང་པོ་ཞིག་ལོ་ན་གསུམ་མ་ལོན་གོང་ནས་གྲོངས་འགྲོ་བཞིན་ཡོད་ལ།དེས་ནི་མི་འབོར་འཕེལ་རྒྱས་ཆེ་དྲག་པའི་དཀའ་ངལ་ཆུང་དུ་གཏོང་གི་ཡོད།དེང་སང་ཚན་རིག་གི་དྲིན་གྱིས་མི་ཚང་མའི་འཕྲོད་བསྟེན་གྱི་གོ་རྟོགས་ཡར་རྒྱས་ཕྱིན་པ་དང་། བྱིས་པ་ཚོ་དམར་འབྱར་སྐབས་ནས་གྲོངས་འགྲོ་བའི་གནད་དོན་སེལ་ཐབས་བྱུང་པས་མང་ཆེ་བ་བདེ་ཐང་ངང་འཚར་ལོངས་ཡག་པོ་ཡོང་གི་ཡོད།དེའི་རྗེས་འབྲས་སུ་འཛམ་གླིང་ནང་མི་འབོར་མང་དྲག་པའི་དཀའ་ངལ་ཆེན་པོ་འབྱུང་གི་ཡོད།ངའི་བསམ་པར་དཀའ་ངལ་འདི་སེལ་ཐབས་ཡག་ཤོས་ནི་རང་བྱུང་ཁམས་དང་མཛའ་འབྲེལ་དམ་ཟབ་བྱས་པ་ལས་ཡོང་གི་རེད་སྙམ་གྱི་ཡོད།མི་ཞིག་གིས་བཅོས་མ་མིན་པའི་མི་ཚེ་ཞིག་བསྐྱལ་བ་ན།ཁོ་ལ་བཅོས་མ་མིན་པའི་འཚོ་བ་དེ་ལས་ཧ་ཅང་འདོད་བློ་ཁེངས་ཤིང་སྤྲོ་སྣང་ཆེན་པོ་འཐོབ་ཐུབ་ལ།ཁོ་ལ་བཅོས་མའི་འཚོ་བ་ལས་ཐོབ་པའི་གནས་སྐབས་ཀྱི་བདེ་བ་དང་མཁོ་བ་གཞན་གང་ཡང་དགོས་དོན་མེད།འདི་ནི་ངས་ང་རང་གི་མྱོང་བའི་ཐོག་ནས་བཤད་ཀྱི་ཡོད།གསུང་རབ་ཀྱི་དཔེ་ཆ་མང་པོ་ཀློག་པ་དང་སྐྱེས་བུ་དམ་པ་མང་པོ་བསྟེན་པ་དེས་བདག་འཛིན་གྱི་བློ་གཅུན་པར་ཕན་ཆེན་པོ་ཐོག་ངེས།འོན་ཀྱང་བཅོས་མ་མིན་པའི་མི་ཚེ་ཞིག་སྐྱེལ་བར་ཕྱི་རོལ་ཡུལ་གྱི་མཁའ་དབུགས་དྭངས་མོར་རོལ་བའམ། དམར་ཧྲེང་དུ་ཉི་འོད་ལ་ལྡེ་བཞིན་ངལ་རྩོལ་བྱེད་པ་ནི་དེ་ལས་ཀྱང་ཕན་རླབས་ཆེ་བ་ཞིག་ཏུ་མཐོང་།
     རང་དབང་གི་འཚོ་བའི་སྤྲོ་སྣང་འདི་ལས་ལྷག་པའི་སྤྲོ་སྣང་གཞན་ཞིག་ཡོད་མི་སྲིད།ལེགས་སྦྱར་སྐད་ཀྱི་ནང་དུ་སྨྲ་བསམ་བརྗོད་འདས་ཀྱི་སྤྲོ་སྣང་འདིའི་དོན་མཚོན་པའི་ཐ་སྙད་ཞིག་ཡོད།དེ་ཁྱེད་ཚོ་ཚང་མས་ཤེས་ཀྱི་ཡོད་ཚོད་རེད།དེ་ནི་སུ་ཁཱ་Sukhaཞེས་པའི་ཐ་སྙད་འདི་རེད།སྐྱེ་བོ་ཚང་མས་བདེ་སྐྱིད་དང་ཆོག་ཤེས་ཀྱི་སུ་ཁཱ་འདི་ལ་རེ་སྨོན་བྱེད་ཀྱི་ཡོད།ལེགས་སྦྱར་སྐད་ཀྱི་ནང་དུ་ཐོག་མར་སུ་ཁཱ་ཞེས་པའི་ཐ་སྙད་འདིའི་གོ་དོན་ནི་”རྒྱ་ཆེ་ཞིང་མི་མཐའ་མེད་པའི་ནམ་མཁའ”ལ་གོ་བ་རེད། ཁཱ་ཞེས་པ་ནི་གཙོ་བོ་སྟེ་ནམ་མཁའ་ལ་གོ་ཞིང་། བདེ་སྐྱིད་ནི་གནམ་འོག་ནས་འཐོབ་པའི་དོན་ཡིན།བཅོས་མའི་མི་ཚེ་སྐྱེལ་ས་དང་གནམ་གྱི་གཞི་ཁྱོན་དོག་མོར་བཅོས་པའི་ཡུལ་ཞིག་ནས་སུ་ཁཱ་འཐོབ་རྒྱུ་དཀའ་མོ་རེད།གྲོང་ཁྱེར་མོམ་བྷེ་རུ་སྒེའུ་ཁུང་གཅིག་ཅན་གྱི་ཁང་པ་ཞིག་ལ་ཁང་གླ་ཧིན་སྒོར་ལྔ་བཅུ་རེད།འོན་ཀྱང་སྒེའུ་ཁུང་གཉིས་ཅན་གྱི་ཁང་པ་ཞིག་ལ་ཁང་གླ་ཧིན་སྒོར་བརྒྱ་རེད།སྒེའུ་ཁུང་གཉིས་ཡོད་ན་མཁའ་དབུགས་གཙང་དུ་ཡོང་བའི་རྒྱུ་མཚན་གྱིས་ཡིན་ལ།མཁའ་དབུགས་གཙང་མ་ནི་རིན་ཐང་ཧ་ཅང་ཆེ་བའི་དངོས་པོ་ཞིག་ཡིན་པ་ཚང་མར་གསལ་ཆ་ཡོད།དེས་ན་ཕྱི་རོལ་ཏུ་སོང་སྟེ་རང་ཉིད་རང་བྱུང་ཁམས་ཀྱི་འཇིག་རྟེན་དང་ངོ་བོ་གཅིག་ཏུ་འདྲིས་ཐབས་བྱོས་དང་།ཁྱེད་ལ་གནམ་འོག་ནས་བདེ་སྐྱེད་དང་དོན་དམ་གྱི་དངོས་གྲུབ་འཐོབ་ངེས།མིའི་རིགས་ལ་དོན་དམ་གྱི་བདེ་སྐྱིད་ཅིག་རེག་དགོས་ན།རང་བྱུང་ཁམས་དང་ལྷན་ཏུ་ཞི་བདེ་བག་ཕེབས་ཀྱི་འཚོ་བ་སྟབས་བདེ་ཞིག་སྐྱེལ་རྒྱུ་དེ་གལ་ཆེན་པོ་རེད།ལམ་སྣ་ཁྲིད་དེ་ང་ཚོར་བསྐྱར་ཏུ་བདེ་སྐྱིད་འཐོབ་པར་མཛུབ་སྟོན་བྱ་རྒྱུ་ནི་ཤེས་ཡོན་གྱི་ལས་འགན་རེད།
                                                       བུདྡྷ་སྐྱབས་ཀྱིས་ཨིན་ཡིག་ལས་བསྒྱུར།
རིག་གནས་ཀྱི་རྒྱལ་ཁམས་ཆེན་མོར་འབོད་སྙིང་།
ཧན་ཧན།
                         ____དེང་རབས་རྒྱ་རིགས་ན་གཞོན་རྩོམ་པ་པོ་ཧན་ཧན་གྱིས་ཞ་མོན་སློབ་ཆེན་དུ་སྤེལ་བའི་གཏམ་བཤད།              ཚང་མ་བདེ་མོ་ཡིན་ན། འདི་ནི་ང་རང་ཞ་མོན་ལ་ཡོང་ཐེངས་གཉིས་པ་ཡིན་ལ། དེ་ནས་་་་་་འདི་ཕྱོགས་ཀྱི་མཁའ་དབུགས་ཧ་ཅང་གཙང་བར་འདུག་པས། མི་ཚང་མ་འཆམ་འཆམ་དུ་འགྲོ་རྒྱུར་དགའ་བར་ཁག་མི་འདུག ད་ཅི་རྒན་ཏིན་ལགས་ཀྱིས་རྒྱལ་གཅེས་རིང་ལུགས་དང་འབྲེལ་བ་ཡོད་པའི་ཕྱོགས་འགའ་ཞིག་གསུངས་པ་ཐོས་རྗེས། ངས་སྐད་ཆ་ཚིག་གཉིས་དྲན་བྱུང་སྟེ། དེ་ནི་སྔོན་ཆད་གཞན་གྱིས་བཤད་ཟིན་པ་རང་གིས་མཐོང་བ་མ་གཏོགས་ང་རང་གིས་བཤད་པ་མིན། སྐད་ཆ་དང་པོ་ནི། རྒྱལ་གཅེས་རིང་ལུགས་ནི་འཁྱམས་པོ་ཚོའི་ཆེས་མཐར་མཇུག་གི་ཚང་མལ་རེད་ཅེས་པ་དེ་དང་། སྐད་ཆ་གཉིས་པ་ནི། རྒྱལ་གཅེས་རིང་ལུགས་དངོས་མ་ནི་རྒྱལ་ཁབ་འདིར་སྲིད་གཞུང་གིས་གནོད་འཚེ་མི་ཕོག་པར་སྲུང་སྐྱོབ་བྱ་དགོས་ཞེས་པ་དེའོ།། དེ་ནས་་་་་་་་ངས་ཀྱང་དེ་རིང་བཤད་རྒྱུའི་ནང་དོན་ཞིག་གྲ་སྒྲིག་བྱས་ཡོད་པར་མ་ཟད།  ཆེད་དུ་མ་ཡིག་ཅིག་ཀྱང་འཁྱེར་ཡོང་ཡོད།  འདི་ནི་ངས་རང་ཉིད་ལ་ཚོད་འཛིན་བྱ་བའི་ཆེད་དུ་ཡིན་ལ། བཤད་རྒྱུ་མང་དྲགས་ནས་རྣམ་པ་ཚོར་བར་ཆད་རེ་བྱུང་མི་འགྲོ་དོགས་པས་ཀྱང་ཡིན། གང་ལྟར། ད་མགོ་རྩོམས།
            འགོ་ཁྲིད་རྣམ་པ། དགེ་རྒན་རྣམ་པ། སློབ་གྲོགས་རྣམ་པ་ཁྱེད་ཚོ་བདེ་མོ་ཡིན་ན། རྣམ་པ་ཚོས་ཀྲུང་གོ་ཅིའི་ཕྱིར་རིག་གནས་ཀྱི་རྒྱལ་ཁབ་ཆེན་མོ་ཞིག་ཏུ་འགྱུར་མ་ཐུབ་པ་ཤེས་སམ། དེ་ནི་ང་ཚོས་གཏམ་བཤད་མང་ཆེ་ཤས་ཀྱི་སྐབས་སུ་འགོ་ཁྲིད་རྣམ་པ་ཆེས་འགོ་མར་བཞག་ཡོད་ལ། ཡིན་ཡང་ཆེས་འགོ་མར་བཞག་པའི་འགོ་ཁྲིད་རྣམ་པ་ཚོ་ཏག་ཏག་རིག་གནས་མེད་མཁན་འབའ་ཞིག་ཡིན་པས་རེད།  དེར་མ་ཟད།   ཁོ་ཚོ་ནི་རིག་གནས་ལ་སྐྲག་མཁན་དང་། རིག་གནས་ལ་ཞིབ་བཤེར་གནང་མཁན་ཡིན་ལ།  ཁོ་ཚོས་རིག་གནས་ལ་ཚོད་འཛིན་ཀྱང་བྱ་ཐུབ་ཀྱི་ཡོད། དེ་བས།  རྒྱལ་ཁབ་འདི་ཇི་ལྟར་རིག་གནས་ཀྱི་རྒྱལ་ཁབ་ཆེན་མོ་ཞིག་ཏུ་འགྱུར་ཐུབ་ཨང་།  ཆེས་འགོ་མར་འགྱིང་བའི་འགོ་ཁྲིད་པ་རྣམ་པ། ཁྱོད་ཚོས་གསུངས་དང་། 
           སྤྱིར་ཡིན་ན།  ཀྲུང་གོར་རིག་གནས་ཀྱི་རྒྱལ་ཁབ་ཆེན་མོ་ཞིག་ཏུ་འགྱུར་བའི་སྟོབས་ཤུགས་ཅིས་ཀྱང་ཡོད་ངེས་ཏེ།  ངས་ཁྱེད་ཚོར་གཏམ་རྒྱུད་ཅིག་བཤད།  ངས་དུས་དེབ་ཅིག་གཙོ་སྒྲིག་བྱ་སྙིང་ཡོད་མོད། འོན་ཀྱང་།  ད་བར་དུ་པར་སྐྲུན་བྱེད་མ་ཐུབ།  དེ་ནས་་་་་་ སྤྱི་དམངས་རེ་ལ་པར་བསྐྲུན་གྱི་རང་དབང་ཡོད་ལུགས་རྩ་ཁྲིམས་སུ་གཏན་འཁེལ་བྱས་ཡོད་ལ། དེ་བཞིན་འགོ་ཁྲིད་ལ་ཁྱེད་ལ་པར་བསྐྲུན་བྱེད་དུ་མི་འཇུག་པའི་རང་དབང་ཡོད་པར་ཡང་གཏན་འཁེལ་བྱས་ཡོད།  དུས་དེབ་འདི་ས་གནས་གང་མང་ཞིག་ཏུ་ཞིབ་བཤེར་གྱི་ཕྱོགས་ནས་གནད་དོན་སྣ་མང་ཞིག་ལ་འཕྲད་བྱུང་སྟེ།  དུས་དེབ་ཏུ་ཁ་མཚར་རི་མོ་ཞིག་ཡོད། མི་སྣ་གཙོ་བོ་ནི་སྐྱེས་པ་ཞིག་ཡིན་ལ། ཁོས་ལྭ་བ་གྱོན་མེད།  དེ་བས་འདིའང་ཁྲིམས་འགལ་ཡིན་པ་སྨྲ་ཅི་དགོས། རྒྱུ་མཚན་འབྲེལ་ཡོད་ཁྲིམས་ལུགས་སུ་མཚན་མ་གཅེར་བར་བསྟན་ནས་པར་བསྐྲུན་བྱ་མི་ཆོག་པའི་གཏན་འཁེལ་བྱས་ཡོད་པ་རེད། ཡིན་ཡང་འདི་ཙམ་ལ་སྐྱོན་མེད་པར་བསམས་ནས་ང་རང་ཡིད་འཐད་བྱུང་བ་ཡིན། དེ་བས། ངས་དུས་དེབ་དེའི་ཆེས་ཆེ་བའི་logo(ཚོང་རྫས་དང་དཔེ་དེབ་སོགས་ཀྱི་རྟགས་མཚན་གྱི་དོན།)ཞིག་གིས་ཁྲིམས་འགལ་གྱི་གནས་དེ་བསྒྲིབས་པ་ཡིན། འོན་ཏེ།  རྗེས་ནས་པར་བསྐྲུན་ཁང་འདི་ཚོའི་ཞིབ་བཤེར་མཁན་གྱིས་ཨེ་་་་འདི་མི་ཉན། ཁྱོད་ཀྱིས་མི་འདིའི་ལུས་པོའི་ལྟེ་བ་བསྒྲིབས་འདུག་པས། དེའི་ཤུགས་ནས་ཏང་ཀྲུང་དབྱང་མཚོན་གྱི་འདུག་ཅེས་བཤད་བྱུང་།
           སྐབས་དེར།  ངའི་དྲན་ཚུལ་ཡང་རྣམ་པ་ཚོ་དང་གཅིག་མཚུངས་ཡིན་ཏེ།  གྲོགས་པོ་ལགས།  གལ་སྲིད་ཁྱོད་ཀྱིས་བསམ་ཡུལ་ལས་འདས་པའི་འཆར་ཡན་འདི་འདྲ་རྩོམ་རིག་ཞིབ་བཤེར་དུ་མ་བཀོལ་བར་རྩོམ་རིག་གསར་རྩོམ་གྱི་ཕྱོགས་སུ་བཀོལ་བ་ཡིན་ན་ཅི་མ་རུང་ཞེས་པ་དེའོ།། གཏམ་རྒྱུད་འདི་ལས་ངས་རྣམ་པ་ཚོར་བཤད་འདོད་པ་ནི། དོན་དངོས་ཐོག་ང་ཚོ་སུར་ཡང་འཆར་ཡན་གྱི་འཇོན་ནུས་ཡོད་ཤ་སྟག་ཡིན་མོད། འོན་ཀྱང་།  དོན་དག་གང་མང་ཞིག་ང་ཚོས་དྲན་ཆོག་པ་ལས་བསྒྲུབ་མི་ཉན་ལ་བྲི་ཡང་མི་རུང་། ཁྱད་པར་དུ་གནས་ཡུལ་ག་གེ་མོ་ནས་བཤད་ཉན་ནི་མ་རེད།  ང་ཚོའི་བཀག་རྒྱ་དམ་དྲགས་སོང་བ་རེད། འདི་ནི་བཀག་རྒྱས་བཅངས་པའི་རྒྱལ་ཁབ་ཅིག་རེད་ལ།  བཀག་རྒྱས་བཅངས་པའི་རྒྱལ་ཁབ་ཅིག་ཏུ་ཇི་ལྟར་ཕུན་སུམ་ཚོགས་པའི་རིག་གནས་ཤིག་འབྱུང་ཐུབ་ཨང་།  ང་ནི་གཞི་ནས་རང་གཅུན་གྱི་ནུས་པ་ཆེས་ཆུང་བའི་བློ་མཐུན་ཞིག་ཏུ་གྱུར་ཡོད།  ཡིན་ཡང་།  ངས་སྨྱུག་རྩེ་འབྲི་ཤོག་ལ་གཏད་པའི་སྐད་ཅིག་མར་རྣམ་ཀུན་གནས་བབ་ཅིག་ལ་འདང་རྒྱག་མི་བྱེད་ཀ་མེད་རེད་དེ།  ང་ཚོས་ཉེན་རྟོག་པ་འབྲི་མི་ཉན་ལ་འགོ་ཁྲིད་པའང་འབྲི་མི་ཉན།   སྲིད་ཇུས་འབྲི་མི་ཉན་ལ་ལམ་ལུགས་ཀྱང་འབྲི་མི་ཉན། ཁྲིམས་ལུགས་འབྲི་མི་ཉན་ལ་ལོ་རྒྱུས་ཀྱང་འབྲི་མི་ཉན།  བོད་ལྗོངས་འབྲི་མི་ཉན་ལ་ཞིན་ཅང་ཡང་འབྲི་མི་ཉན། འདུ་ཚོགས་འབྲི་མི་ཉན་ལ་ཁྲོམ་སྐོར་ཡང་འབྲི་མི་ཉན། འདོད་པར་སྤྱོད་པ་འབྲི་མི་ཉན་ལ་བཀག་སྡོམ་བྱེད་པའང་འབྲི་མི་ཉན།  ད་དུང་སྒྱུ་རྩལ་ཡང་འབྲི་མི་ཉན། འོན་ཏེ།  ཚངས་སྤྱོད་ཚུལ་མཐུན་གྱི་རྩོམ་ནི་ངས་ཀྱང་འབྲི་མི་འབྲི་ཤེས། ངས་ངོ་མ་ཚངས་སྤྱོད་ཚུལ་མཐུན་ཞེས་པའི་རྩོམ་ཡིག་ཅིག་ལག་ནས་འཁྱོངས་ཐབས་མི་འདུག  ངའང་ཡུའུ་ཆིའུ་ཡུའུ་མ་རེད་ཨ།
             དྲ་ཐོག་ཏུ་བཀོད་པའི་རྩོམ་ཡིག་ལ་ལར་བཀག་རྒྱའི་ཚད་ཐིག་ཅུང་མཐོ་བར་སྣང་། འཁྲབ་གཞུང་འབྲི་བཞིན་པའི་གྲོགས་པོ་མང་བོ་ཞིག་སྟེ།  དཔེར་ན་ཉིན་ཚའེ་ཧྲིན་ལྟ་བུ་གཏམ་བརྗོད་ཟློས་གར་གྱི་འཁྲབ་གཞུང་འབྲི་མཁན་དང་། ད་དུང་གློག་བརྙན་འཁྲབ་གཞུང་འབྲི་མཁན་སོགས་ཁོ་ཚོ་ཚང་མར་སྡུག་བསྔལ་ཇི་འདྲ་ཆེ་ཨང་།  འདི་ལྟའི་རིག་གནས་ཀྱི་ཁོར་ཡུག་ཅིག་ཏུ། རིག་གནས་ཀྱི་རྒྱལ་ཁབ་ཆེན་མོ་ཞིག་ཏུ་འགྱུར་དགོས་ཚེ། ངས་བསམས་ན་འཛམ་བུའི་གླིང་འདིར་ཏག་ཏག་ཀྲུང་གོ་དང་། ཁོ་རེ་ཡ་བྱང་མ། ད་དུང་ཨ་ཧྥུ་ཀན་ནི་སི་ཐན་ལྟ་བུ་ལུས་སོང་ན་ད་གཟོད་རེ་བ་ཡོད་ཀྱི་རེད། ཚང་མས་ཤེས་གསལ་ལྟར། ཁོ་རེ་ཡ་བྱང་མ་ནི་རིག་གནས་བཀག་སྡོམ་ས་ཁུལ་རེད། དེ་ནས་ཨ་ཧྥུ་ཀན་ནི་སི་ཐན་ནི་རྒྱལ་ནང་གི་གནས་བབ་རྙོག་འཛིང་ཆེ་བས་རིག་གནས་ཀྱི་ཕྱོགས་ལ་ཁ་ཡ་བྱེད་ཁོམ་མེད་པ་མིན་ན་རིག་གནས་སྤེལ་དཀའ་རྒྱུ་རེད།  དེ་ལྟ་མོད་ཀྱང་།  ཁོ་ཚོའི་ཁྲོད་ན<<ཤོག་བྱ་སྙེག་མཁན>>ལྟ་བུ་འབྲི་མཁན་ཡང་བྱུང་ཡོད་འདུག ཡིན་ཡང་འདིར་ཡིད་ཕངས་དགོས་པ་ཞིག་ནི་བརྩམས་ཆོས་དེའང་ཨ་ཧྥུ་ཀན་ནི་སི་ཐན་ནས་པར་བསྐྲུན་བྱས་པ་མིན་པ་དེ་རེད། ངས་འདང་བརྒྱབ་ན།  གལ་སྲིད་ཨ་ཧྥུ་ཀན་ནི་སི་ཐན་གྱིས་རྒྱལ་ནང་གི་གནས་བབ་གཙང་སེལ་བྱ་ཐུབ་ཚེ།  ཀྲུང་གོ་ལས་བརྒལ་མི་སྲིད་པའི་ངེས་པ་ཅིས་ཀྱང་མི་འདུག་གོ།
            རྒྱལ་གཅེས་འབྲེལ་འདྲིས་ཟེར་བ་དེ་རུ་ང་ཚོས་ཏག་ཏག་གསུང་རྩོམ་རྣམ་བཞི་དང་ཁུང་མུན་རིང་ལུགས་ཀྱི་ཆེ་བ་བརྗོད་ན་ག་ལ་འགྲིག་སྟེ། དེ་ནི་གཉེན་སྒྲིག་གི་སྐབས་སུ་གཉེན་ཚང་གིས་ཁྱོད་ལ་རྒྱུ་ཡོད་མེད་འདྲི་དུས་ཁྱོས་རང་ཉིད་ཀྱི་ཕ་མེས་ཡང་མེས་ནི་ཕྱུག་པོ་གཏེར་བདག་ཅིག་ཡིན་ཚུལ་ལབ་པ་ལྟ་བུ་ཡིན་པས།  ཕན་ཐོགས་ནི་མ་རེད། མཇུག་འབྲས་འདི་འདྲ་སྨིན་རྐྱེན་ནི་རྣམ་པ་ཚོར་ལན་པ་ག་ལ་ཡིན། ཁོ་རེ་ཡའི་རྗེས་སུ་འགྲོ་ཉེན་པའི་ལམ་བུ་འདི་ང་ཚོ་ཁ་རོག་ཏུ་འདུག་མཁན་རེ་རེས་བཏོད་པར་བཤད་ཀྱང་། ཕྱོགས་གཞན་ཞིག་ནས་ང་ཚོ་ཁོ་རེ་ཡ་ལས་ལྡབ་འགྱུར་གྱིས་ངར་བ་བཤད་མི་དགོས། རྒྱུ་མཚན་ཁོ་རེ་ཡ་རྒྱལ་ཁབ་ཇི་ལྟ་བུ་ཞིག་ཡིན་པ་སུས་ཀྱང་ཤེས་གསལ་ལྟར་རེད། ཡང་གཅིག་བཤད་ན། འདིར་བཞུགས་ཀྱི་ལྷན་རྒྱས་ཀུན་དོན་དམ་པར་ཁ་རོག་ཏུ་འདུག་མཁན་ཏག་ཏག་མིན་པར་ང་ལ་ཡིད་ཆེས་ཡོད། འོན་ཀྱང་ང་ཚོ་ཁ་རོག་ཏུ་འདུག་པར་དགའ་བ་ནི་ཏག་ཏག་འཆམ་མཐུན་བྱས་སོང་བས་རེད།
             ཀྲུང་གོའི་སེར་པོ་(འཁྲིག་སྤྱོད་ཀྱི་ནང་དོན་བཀོད་པའི་དུས་དེབ་དང་དྲ་ཚིགས། གློག་བརྙན་སོགས་མཚོན་ཕྱིར་སྤྱོད་པའི་ཁ་དོག་ཅིག་ཡིན་པ་དེང་དུས་ང་ཚོའི་ཁྲོད་དུའང་རྒྱུན་བཀོལ་དུ་སོང་ཡོད་པས་སོར་བཞག་བྱས་པ་ཡིན།)གཙང་སེལ་གྱི་ལོ་རྒྱུས་ཁྲོད། སློབ་གྲོགས་མང་བོ་ཞིག་ལ་གསལ་ཆ་ཡོད་ཀྱི་རེད། ཅི་བཤད་ཀྱང་ཚང་མ་སློབ་ཆེན་སློབ་མ་རེད།ད་ལྟའི་སློབ་དེབ་འགའ་ཞིག་ཏུ་ནང་དོན་དེའི་སྐོར་མེད་པར་སྲིད་ཀྱང་། ཏིན་ལེ་ཅོན་(邓丽君)དང་ལིའུ་ཝུན་ཀྲིན(刘正文)་སོགས་ནི་འདོད་པ་གླང་སྤྱོད་དང་སྤྱོད་པ་ཁྱི་སྤྱོད་སོགས་ལོག་གཡེམ། ཐ་ཤལ། འཆལ་པོ་སོགས་སུ་བརྩིས་ཡོད་པ་སུས་ཀྱང་ཤེས་གསལ་རེད། འོན་ཏེ། མི་མང་པོ་ཞིག་ཁོ་ཚོའི་བརྩམས་ཆོས་ལ་ལྟ་སྤྲོ་བ་དང་མྱོང་དགའ་བའི་ཤུགས་ཀྱིས་མཐའ་མར་ཁོ་ཚོ་ཡང་ཚངས་སྤྱོད་ཅན་དང་ཡ་རབས་ཚུལ་མཐུན་དུ་ངོས་བཟུང་སོང་ལ།  ཐ་ན་རྒྱལ་ཡོངས་མི་དམངས་ཐམས་ཅད་ཀྱིས་རོལ་ཅིང་མྱོང་བར་གྱུར་སྟབས་ཁོ་ཚོ་ཡང་སེར་པོ་མིན་པ་དང་ཐ་ཤལ་མིན་པ་ཞིག་ཏུ་གྱུར་སོང་བ་རེད། གལ་སྲིད་ང་ཚོས་མཉམ་དུ་རིག་གནས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བྱེད་ཐུབ་པ་ཡིན་ན། ང་ཚོའི་མིང་བརྡའི་བཙོན་རར(རྒྱའི་屏蔽词库ཞེས་པ་སྟེ། དེ་ནི་ཉེས་ཅན་ཁྲིམས་མུན་དུ་བཅུག་པ་ལྟར་རྒྱུན་ལྡན་དུ་སྤྱད་མི་ཆོག་པའི་མིང་བརྡ་སྐོར་ཞིག་ཕྱོགས་སྡོམ་བྱས་ཡོད་པའི་ཚིག་མཛོད་ཅིག་གོ། )་ཡང་མིའི་རིགས་ལ་ངོ་རྒོལ་བྱེད་པའི་མིང་བརྡ་སྐོར་ཞིག་ཡོད་པ་མ་གཏོགས་གཞན་དག་ཡོད་སྲིད་ཀྱི་མ་རེད། སྐབས་དེར་ང་ཚོས་ད་གཟོད་རིག་གནས་ཀྱི་རྒྱལ་ཁབ་ཆེན་མོ་ཞིག་གསར་བསྐྲུན་བྱ་ཐུབ་ངེས་ཡིན། གོ་རིམ་དེའི་ཁྲོད་དུ། ང་དང་ཁྱོད་ཀྱི་མིང་ཡང་མིང་བརྡའི་བཙོན་ར་དེར་ཚུད་འགྲོའང་སྲིད། འོན་ཏེ། ངས་ཀྱང་བཙོན་ར་དེིའི་ཤོང་ཚད་ལ་ཚད་ཅིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་བས། གསར་འཇུག་བྱས་པའི་མིང་བརྡ་རེས་དོན་དམ་པར་བཙོན་ར་དེ་གཞོམ་གཞིག་གཏོང་བཞིན་པ་ཉིད་དོ།།
                 ངས་ང་ཚོའི་གསར་འགྱུར་ལས་གཉེར་པ་དང་། སློབ་གྲོགས་ཚོ། དགེ་རྒན་ཚོ། རིག་གནས་ལ་འཇུག་མཁན། དགའ་མཁན། དུས་དེབ་གཙོ་སྒྲིག་པ་སོགས་ཚང་མས་འབད་འབུངས་ལྷུར་ལེན་བྱས་ནས་མིང་བརྡའི་བཙོན་ར་ཤུལ་མེད་དུ་གཞིག་རྒྱུ་དང་། རིག་གནས་ཞིབ་བཤེར་རྩ་མེད་དུ་གཏོང་བར་རེ་བའི་མེ་ལྕེ་སྦར་བཞིན་ཡོད་ལ། ང་ཚོའི་འགོ་ཁྲིད་དང་སྲིད་གཞུང་ལ་རིག་གནས་རང་དབང་བྱ་རྒྱུར་གདང་ཚོད་བརྟན་པོ་ཞིག་ཡོད་ནའང་བསམ་གྱི་ཡོད། ང་ཚོའི་འགོ་ཁྲིད་འུ་ཅག་གི་རིག་གནས་ཕྱིར་གཏོང་བྱ་རྒྱུར་དགའ་བ་ངས་ཤེས་ཡོད་ལ། དེ་ནི་རྒྱལ་ཁབ་སྟོབས་ཅན་ཞིག་གི་དན་རྟགས་ཡིན་པའང་ཤེས་ཡོད། འོན་ཏེ་ད་ལྟའི་ང་ཚོའི་རིག་གནས་འདི་ཅིས་ཀྱང་ཕྱིར་གཏོང་བྱ་ཐབས་མེད་པ་སྟེ། ང་ཚོས་རྩོམ་རིག་བརྩམས་ཆོས་ཤིག་གསར་དུ་རྩོམ་དུས། རྩོམ་པ་པོ་རེ་རེ་དང་ལས་གཉེར་བ་རེ་རེས་སྐད་ཅིག་ཙམ་ལའང་རང་གིས་རང་ལ་འདྲི་གཅོད་བྱེད་བཞིན་མཆིས། འདི་ལྟའི་རིག་གནས་ཀྱི་ཁོར་ཡུག་ཅིག་ཏུ། ང་ཚོས་ཇི་ལྟར་རིག་གནས་བརྩམས་ཆོས་གྲལ་དག་ཅིག་འཁྱོངས་ནུས་ཨང་། འཛམ་གླིང་ཧྲིལ་བོའི་ཁྱབ་ཁོངས་སུ། ཁྱོད་ཀྱིས་རིག་གནས་བརྩམས་ཆོས་དག་གསར་འགྱུར་མཉམ་སྒྲོག་ཏུ་བཅོས་ནས་ཕྱི་རྒྱལ་བར་བལྟ་རུ་གཞུག་བསམས་སམ། ཁྱོས་ཕྱི་རྒྱལ་བ་གོ་ལ་གཞན་པའི་མི་རུ་བརྩིས་ཡོད་དམ། ངས་བསམས་ན། ཀྲུང་གོ་དཔལ་འབྱོར་སྟེང་ཡང་སྙིང་འཕེལ་རྒྱས་བྱུང་ཡོད་མེད་དེ་གཞིས་ཀའི་ཐོན་ལས་མ་བརྡིབས་བར་དུ་བཤད་དཀའ་བ་ཞིག་རེད། ཡིན་ཡང་། གལ་ཏེ་རྒྱལ་ཁབ་ཅིག་རིག་གནས་སྟེང་དངོས་གནས་འཕེལ་རྒྱས་བྱུང་བ་ཡིན་ན། དེ་ནི་ད་གཟོད་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བརྩི་ཆོག་པར་སྙམ། དེར་མ་ཟད། ངས་བལྟས་ན་འདི་འདྲའི་འཕེལ་རྒྱས་ནམ་ཡང་ཉམས་རྒུད་ཀྱི་ཉེན་ཁ་ཆུང་བར་སྣང་།
            མཇུག་མཐར།  ང་ཚོ་ཡང་བསྐྱར་མིང་བརྡའི་བཙོན་ར་འདི་གླེང་། མིང་བརྡའི་བཙོན་ར་ཞིག་གི་མིང་བརྡ་ཇི་ལྟར་ཇེ་མང་དུ་སོང་ན། རྒྱལ་ཁབ་དེའི་རིག་གནས་ལ་དེ་ལྟར་བཀག་རྒྱ་ཐེབས་བཞིན་ཡོད། ཡིན་ཡང་། སྲིད་གཞུང་གིས་ཁྱེད་ལ་གནས་ལུགས་དགུ་བརྩེགས་ཤིག་འདྲེན་པ་དཔེ་རེད། ཁོ་ཚོས་ཁྱེད་ལ་འདི་ལྟར་བྱེད་དོན་ནི་ན་གཞོན་ཚོར་སྲུང་སྐྱོབ་བྱ་སླད་ཡིན་ཟེར་བའམ།  ཡང་ན།  སྤྱི་ཚོགས་ཀྱི་བརྟན་འཇགས་བསྲུང་ཆེད་ཡིན་ལབ་པའང་སྲིད་མོད། འོན་ཏེ།  རིག་གནས་ནི་རང་དབང་ཡིན་གཤིས།  ཁོ་ཚོར་ན་གཞོན་དང་སྤྱི་ཚོགས་ལ་གནོད་འགྲོ་བའི་རིག་གནས་ཅི་ཡོད་ཚང་མ་མིང་བརྡའི་བཙོན་དུ་འཇུག་པའི་དབང་ཆ་ཡོད་པ་རེད། གལ་སྲིད་ཁྱེད་རང་དེ་ལ་ཡིད་འཐད་བྱུང་བ་ཡིན་ན། ནམ་ཞིག་ཁྱེད་རང་ཉིད་ཀྱང་མིང་བརྡའི་བཙོན་ར་འདིར་གཞུག་ཉེན་ཡོད་དེ། ཉེས་པ་ནི་སྤྱི་ཚོགས་དང་ན་གཞོན་ཚོར་གནོད་འཚེ་ཐེབས་སོང་བ་དེའོ།། དེ་ལྟར་ཆེས་མཐའ་མར།  དབང་བསྒྱུར་གྲལ་རིམ་དང་ཁོ་ཚོའི་ཁེ་ཕན་ལ་གནོད་འགྲོ་བ་ཞིག་ཡིན་ཕྱིན། ཡོད་ཚད་སྤྱི་ཚོགས་ཀྱི་བརྟན་འཇགས་ལ་གཏོར་བརླག་དང་ན་གཞོན་ཚོར་གནོད་འཚེ་བཏང་བའི་ཉེས་པ་གསག་སྲིད་པ་རེད། གལ་སྲིད་ང་ཚོས་འདི་དག་ལ་བཟོད་སྒོམ་བྱ་རྒྱུ་མང་དྲགས་ན། ཁྱི་ཁ་བསྐྱིལ་ན་ངོར་འཛིན་པའི་ཉེན་ཁ་ཡོད་སྲིད་པས།  སློབ་གྲོགས་རྣམ་པ།  དེ་བས་ང་ཚོས་ཉི་མ་དེ་སླེབས་པར་འཇུག་ག་ལ་རུང་། དེ་མིན་ཚེ།  ཕྱིས་སུ་ཁྱོད་ཚོའི་བུ་ཚ་དག་གིས་སྲུང་སྐར་བརྒྱུད་ནས་གློག་རྡུལ་བསླབ་དེབ་ཏུ་དྲངས་བའི་ལོ་རྒྱུས་སུ། ང་ཚོ་ཚང་མ་བཞད་གད་ཀྱི་གནས་སུ་འགྱུར་ཉེན་ཆེ། དེ་བས་་་་་་་་་རྣམ་པ་ཚོར་བཀའ་དྲིན་ཆེ།
                                                                   (གློག་ཞགས་ཀྱིས་བསྒྱུར)
ལོ་ལེ་ཅན་གྱི་ཇོག
མི་གསལ།
      ཇོག་དང་ཨ་མ་ལགས་གཉིས་ས་ཆ་སྐྱོ་བོ་ཞིག་ལ་སྡོད་ཀྱི་ཡོད་ལ་ཁོང་གཉིས་ཀྱི་འཚོ་ཐབས་ནི་ཧ་ཅང་སྐྱོ་པོ་ཞིག་ཡིན།མ་རྒན་མོ་དེས་འཚེམ་བུ་རྒྱག་པ་དང་ལྷམ་བཟོ་བ་ལ་བརྟེན་ནས་དངུལ་ཉུང་ཉུང་ཞིག་བསོག་ཐུབ་ཀྱི་ཡོད།འོན་ཀྱང་ཇཱོག་ནི་དགུན་ཁར་མེ་སྲོས་ནས་དུས་ཚོད་རྫོགས་པ་དང༌།དབྱར་དུས་སྒྱིད་ལུག་ངང་མི་ཚེ་སྐྱེལ་གྱི་ཡོད།མཐར་ཨ་མ་ལགས་ཀྱིས་༼ཁྱེད་རང་གིས་གྲོད་ཁོག་གི་ཆེད་དུ་ལས་ཀ་ཞིག་བྱེད་དགོས་རེད་མ་གཏོགས་རྗེས་ཕྱོགས་གང་ཡང་མེད་པར་ལུས་ཀྱི་རེད་༽ཅེས་བཤད།དེར་བརྟེན་ཁོས་ཞིང་པ་ཞིག་གི་གླ་པ་བྱས་ནས་ལས་ཀ་བྱས།ཞིང་པ་དེས་ཁོ་ལ་ཉིན་རེར་མོ་ཙི་གཅིག་སྤྲོད་ཀྱི་ཡོད་དེ་གཙང་པོ་ཞིག་བརྒྱུད་ནས་ནང་ལ་ལོག་ཡོང་བའི་ལམ་བར་དུ་བརླགས་པ་རེད།ཁོས་ལམ་བར་གྱི་གནས་ཚུལ་རྣམས་ཨ་མ་ལགས་ལ་བཤད་དུས།ཨ་མ་ལགས་ཀྱིས་༼ཕྲུ་གུ་ལྐུགས་པ་ཞེ་པོ་ཅིག་འདུགཁྱེད་རང་གིས་དངུལ་ངེས་པར་དུ་ཨམ་ཕྲག་ནང་བླུགས་དགོས་རེད་༽ཞེས་བཤད།དེར་ཇཱོག་གིས་༼ངས་རྗེས་མ་ནས་དེ་འདྲ་བྱེད་ཀྱི་ཡིན་༽ཞེས་ལན་བཏབས།ཕྱི་ཉིན་དེར་ཁོས་ཞིང་པ་གཞན་ཞིག་གི་ཕྱུག་རྫི་བྱས།ཞིང་པ་དེས་ཉིན་རེ་ལ་འོ་མ་ཤེལ་དམ་གང་རེ་གླ་ཆའི་ཚུལ་དུ་སྤྲད།ཁོས་ཨ་མ་ལགས་ཀྱིས་གསུངས་པ་བཞིན་འོ་མའི་ཤེལ་དམ་དེ་ཨམ་ཕྲག་ནང་བླུགས།ནང་དུ་ལོག་ཡོང་བའི་ལམ་བར་དུ་འོ་མ་ཚང་མ་ལུད་ནས་ཤེལ་དམ་ལས་ཕྱིར་འཕྱུར་ཏེ་གང་སར་འཕོ་བ་རེད།དེར་ཨ་མ་ལགས་ཀྱིས༼སྐྱག་ལྐུགས་ཁྱེད་རང་ཡིན་ན།འོ་མ་ངེས་པར་དུ་མགོའི་སྒང་ལ་བཞག་ནས་འཁྱེར་ཡོང་དགོས་རེད་༽ཅེས་བཤད་པར།ཁོས་༼རྗེས་ཕྱོགས་ངས་དེ་འདྲ་བྱེད་ཀྱི་ཡིན་༽ཞེས་ཁས་བླངས།ཕྱི་ཉིན་དེར། ཇཱོག་ཞིང་པ་གཞན་ཞིག་གི་སར་ལས་ཀ་བྱེད་དུ་སོང༌། ཞིང་པ་དེས་ཉིན་དེའི་གླ་ཆའི་ཚུལ་དུ་འོ་མའི་ཁ་སྤྲི་ཅན་གྱི་ཕྱུར་བ་གང་འཚམ་སྤྲད།ཨ་མ་ལགས་ཀྱིས་གསུངས་པ་བཞིན་མགོའི་སྒང་ལ་བཞག་ནས་འཁྱེར་ཡོང༌།འོན་ཀྱང༌།ནང་ལ་འབྱོར་མཚམས་སུ་འོ་མའི་ཁ་སྤྲི་ཅན་གྱི་ཕྱུར་བ་དེཉི་མས་བཞུར་ནས་ཁོང་གི་སྐྲ་གསེང་ནས་མར་འཛག་བཞིན་ནང་དུ་སླེབས། ཡང་ཨ་མ་ལགས་ཀྱིས་༼ཕ་འདྲ་བའི་བུ་ལྐུགས་པ་འདི།ཁྱེད་རང་གིས་དེ་ལག་པའི་ནང་ལ་འཁྱེར་ཡོང་དགོས་རེད་ ༽ཅེས་བཤད་པར། ཇཱོག་གིས་ ༼རྗེས་མར་ངས་དེ་ལྟར་བྱེད་ཀྱི་ཡིན་༽ཞེས་ལབ།
      ཡང་ཕྱི་ཉིར་དེར།ཁོས་བག་ལེབ་བཟོ་མཁན་ཞིག་གི་ནང་ལས་ཀ་བྱས་པར།གླ་ཆ་ལ་ཞི་མི་ཞིག་རག་པ་དེ་གཟབ་གཟབ་བྱས་ནས་ལག་པའི་ནང་ལ་འཁྱེར་ཡོང་བ་རེད།ལམ་ཕྱེད་ཙམ་ལ་སླེབས་དུས།ཞི་མི་དེས་སྤར་འབྲད་ཚ་ཐག་ཆོད་ཞིག་བརྒྱབ་པས་ཁོས་ཞི་མི་དེ་མ་གློད་རང་གློད་ཆགས་ནས་ནང་ལ་ལོག་སླེབས་པ་རེད།ཨ་མས་༼ལྐུགས་པ།ཞི་མིའི་སྐེ་ལ་ཐག་པ་བརྒྱབ་ནས་ཁྱེད་རང་གི་རྗེས་ལ་འཁྲིད་ཡོང་དགོས་རེད་༽ཅེས་བཤད་པ་རེད།ཇོག་གིས་༼རྗེས་མ་ངས་དེ་ལྟར་བྱེད་ཀྱི་ཡིན་༽ལབ་ནས་ཕྱི་ཉིན་དེར་ཁོང་རང་ཤན་པ་ཞིག་གི་སར་ལས་ཀ་བྱེད་དུ་ཕྱིན་པ་རེད།དེས་ལུག་ཤ་རྐང་པ་གཅིག་གླ་ཆ་ལ་སྤྲད་པ་དེ་ཐག་པས་བསྡམས་ནས་ཁོ་རང་གི་རྗེས་ལ་དྲུད་ཡོང་བ་རེད།ཁོ་རང་ནང་ལ་སླེབས་དུས་ཤ་དེར་ས་རྡུལ་དང་གད་སྙིགས་འགོས་ནས་བཙོག་པ་ཆགས་ཡོད་སྟབས། ཡང་ཨ་མ་ལགས་ཀྱིས་ ༼ གླེན་ལྐུགས་འདི། ཁྱེད་རང་གིས་ལུག་ཤ་དེ་དཔུང་པའི་སྒང་ལ་འཁྱེར་ཡོང་དགོས་རེད ༽་ཅེས་བཤད། ཡང་ཇཱོག་གིས་ ༼རྗེས་མ་ངས་དེ་ལྟར་བྱེད་ཀྱི་ཡིན་༽ལབ་ནས་ཕྱི་ཉིན་དེར་ཡང་ཞིང་པ་ཞིག་གི་སར་ལས་ཀ་བྱས་ཤིང༌། དེས་ཁོ་ལ་འགྲུལ་བཞུད་ཀྱི་ཆེད་དུ་ཡིན་ཅེས་བོང་བུ་ཞིག་སྤྲད།
    ཇྰོག་ནི་ཕོ་གསར་ཤུགས་ཆེན་པོ་ཞིག་ཡིན་རུང༌།བོང་བུ་དེ་དཔུང་པའི་སྒང་ལ་འདེགས་རྒྱུར་ཁག་ཙམ་བྱུང་བ་རེད།ཁོས་བོང་བུ་དེ་ཕྲག་པའི་སྒང་ལ་བཞག་སྟེ།དབུགས་ཧལ་ཧལ་དང་རླུང་འཚུབ་འཚུབ་ངང་ཕྱུག་བདག་ཞིག་གི་ཁང་འགྲམ་བརྒྱུད་ནས་ལམ་དུ་བསྐྱོད།ཕྱུག་བདག་དེར་སྐྱེ་འབྲས་མཚར་བའི་བུ་མོ་ཞིག་ཡོད་པ་དེས།ད་བར་གད་མོ་བགད་མྱོང་མེད་སྟབས།ཕྱུག་བདག་དེས་མི་སུ་ཞིག་གིས་ཁོ་མོ་ལ་གད་མོ་སློང་ཐུབ་པ་ཡིན་ན། དེའི་མནའ་མར་སྟེར་རྒྱུའི་དམ་བཅའ་བཞག་ཡོད།
ཇཱོག་ནི་བོང་བུའི་ལྗིད་ཀྱིས་མནན་ནས་མགོ་བོ་ས་ལ་མ་ཐུག་ཙམ་བྱས་ནས་འགྲོ་བཞིན་ཡོད་པ་དང༌། བོང་བུའི་སུག་ལག་བཞི་པོ་ནི་ནམ་མཁར་ཟིང་ཙམ་ཟིང་ཙམ་བྱེད་ཀྱི་ཡོད།དེ་དུས་ཕྱུག་བདག་གི་བུ་མོ་ནི་ཡིད་སྐྱོ་སྣང་དང་བཅས་ཁང་པའི་སྒེའུ་ཁུང་ལས་མར་བབས་ཏེ་ཕྱི་ལོགས་ལ་བལྟས་ནས་བསྡད་སྟབས།ཁོའི་ཡོང་སྟངས་དེ་དགོད་བྲོ་པོ་ཞིག་མཐོང་ནས་རང་དབང་མེད་པར་དགོད་སྒྲ་ཆེན་པོ་ཞིག་ཤོར་བ་དང༌།དེའི་གཡས་གཡོན་གྱི་མི་རྣམས་ཡ་མཚན་སྐྱེས་ནས་ཅི་ཞིག་བྱུང་ཡོད་པར་སྙམ་སྟེ་རྒྱུགས་ཤར་གློད་ནས་བལྟ་རུ་སླེབས། དེ་རྗེས་ཇཱོག་དང་ཕྱུག་བདག་གི་བུ་མོ་ཆང་ས་བརྒྱབ་པ་དང༌།བུ་མོའི་པ་ལགས་དང་ཇཱོག་གི་ཨ་མ་ལགས་བཅས་ཁོང་ཚོ་དགའ་པོའི་ངང་མཉམ་དུ་བསྡད་པ་རེད།དུས་དེ་ནས་བཟུང་ཇཱོག་ཁོ་རང་ཡང་ཡང་ཕྱི་ལོགས་སུ་ལས་ཀར་འགྲོ་དགོས་བྱུང་མེད།
 མཆན།
༡ འོ་མ་མགོ་གང་ལ་འཁྱེར་སྟངས་དེ། རྒྱ་གར་སོགས་ཡུལ་འགར་དངོས་པོ་རྣམས་མགོ་གོང་ལ་འཁྱེར་ནས་འགྲོ་བའི་ལུགས་སྲོལ་ཞིག་ཡོད་པས་ཡིན།
༢ འོ་མའི་ཁ་སྤྲི་ཅན་གྱི་ཕྱུར་བ་ནི། ཕྱིའི་རྒྱལ་ཁབ་ཁག་ལ། ཧ་ཅང་སྣུམ་ཅན་གྱི་ཕྱུར་བ་ཞིག་ཡོད་པས་དེར་གོ།

                                            ཆུ་སྐྱེས་སྒྲོལ་མས་བསྒྱུར།