Saturday, June 1, 2013

ལིས་ཁའེ་ཧྥུས་ཡིས་རང་གི་བུ་མོར་སྤྲིངས་པའི་འཕྲིན་ཡིག
སྦྲ་ནག་པས་བསྒྱུར།
བདག་གིས་བརྩེ་ཞིང་གདུང་བའི་བུ་མོ།
སྙིང་ཉེ་བའི་བུ་མོ་ལགས
ང་ཚོས་རླངས་འཁོར་བསྐོར་ཏེ་གུ་ལོན་པུ་ཡ་སློབ་ཆེན་ལས་ཕྱིར་ཐོན་དུས།ངས་རང་གི་ཀླད་པའི་བུ་སྣོད་དུ་འཁོར་བའི་དྲན་ཚུལ་མཐའ་དག་འཕྲིན་ཡིག་གི་ལམ་ནས་ཁྱོད་ལ་བསྐུར་འདོད། ཐོག་མར་ངས་ཁྱོད་ལ་བརྗོད་པར་འདོད་པ་ནི་ཁྱོད་ནི་ང་ཚོའི་ངོམ་ཆོག་ཆོག་གི་གཟི་བརྗིད་ཡིན་ལ། ཁྱོད་རང་གུ་ལོན་པུ་ཡ་སློབ་ཆེན་འགྲིམས་པ་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་སློབ་མ་ཡ་རབས་ཞིག་ཡིན་པས་བདེན་དཔང་ཡང་བྱས་ཡོད། ཉེ་ལམ་ཁྱོད་ཀྱི་བསླབ་འབྲས་དང་གསར་གཏོད། སྤྱི་ཚོགས་འབྲེལ་འདྲེས་ཉམས་མྱོང་སོགས་ཐོལ་བརྒལ་གྱིས་གོང་དུ་འཕེལ་ཡོད། གང་ལྟར་མཐོ་འབྲིང་སྐབས་སུ་རྒྱན་གོས་ཇུས་འགོད་དང་གཙག་དྲུབ་འགྱིག་ལྷམ། ད་དུང “མཉམ་འབྲེལ་རྒྱལ་ཚོགས་ལ་ལད་ཟློས་བྱེད་པ” ཞེས་པའི་གཏམ་བཤད་སོགས་འགྲན་སྡུར་ལ་འབད་འབུངས་ཀྱིས་ཞུགས་པ་ལས་ཀྱང་ཁྱོད་ནི་ཤེས་བྱ་ཀུན་འཛོམས་ཀྱི་བུ་མོ་ཡ་རབས་ཞིག་ཡིན་པ་གདོན་མི་ཟ། དེ་བས་ཁྱོད་ནི་ངེད་ཕ་མ་ཟུང་གི་ང་རྒྱལ་ཡིན་པས་ཁྱོད་ལ་ཡང་ང་ཚོ་ལྟ་བུའི་གཟི་བརྗིད་ཀྱི་ཡིད་ཆེས་ཤིག་ཡོད་ན་འགྲིག ཁྱོད་རང་ཆུང་དུས་སུ་དེ་འདྲ་སྙིང་རྗེ་བོ་ཞིག་མིན་ན་ཡང་ཁྱད་དུ་འཕགས་པའི་བྱིས་པ་ཡ་རབས་ཞིག་ཡིན། ཁྱོད་ཀྱིས་ང་ཚོ་བསམ་ནས་སྐད་ཅོར་མི་རྒྱག་ལ། ད་དུང་ཁ་ལ་ཉན་ཞིང་ཡ་རབས་གུས་ལུགས་ལྡན། ཁྱོད་རང་ལོ་གསུམ་ལ་བུད་པའི་ལོ་དེར་འུ་ཚང་གིས་ཁང་བ་ལས་དུས་ནམ་རྒྱུན་གཟའ་མཇུག་གི་དུས་ཚོད་བཅུ་ལྷག་ལ་ཁྱོད་ཀྱིས་ཀྱང་ཁུ་སིམ་མེར་ང་ཚོ་དང་ལྷན་དུ་རང་གི་ཐེག་ཚོད་ཀྱིས་བཟོ་བསྐྲུན་རྒྱུ་ཆ་བསྐྱལ་རོགས་བྱས་ཏེ་ཟས་ཐུན་གསུམ་པོ་ཡང་རླངས་འཁོར་ནང་དུ་ཟོས་ནས་བྱིས་གླུ་འཁྱར་འཁྱོར་རེ་ཡང་བླངས་མྱོང་། ད་དུང་ཐང་ཆད་དུས་གཉིད་དུ་ཡུར་སྲིད་ལ་ལང་ཤོར་དང་འཁང་ར་ཙམ་ཡང་གཏན་ནས་མི་བྱེད། གཟའ་ཉི་མའི་ཉིན་གྱི་རྒྱ་ཡིག་ཟབ་སྦྱོང་འཛིན་གྲྭ་དེར་ཁྱོད་རང་སྤྲོ་སྣང་སྤུ་ཙམ་ཡང་མེད་མོད། ཡིན་ན་ཡང་གང་ནུས་ཀྱིས་ཧུར་བརྩོན་བྱེད་ངེས། དེ་བས་ཕ་མའི་འགན་ཁུར་བའི་ངེད་གཉིས་ལ་ཁྱོད་ལྟ་བུའི་བུ་མོ་ཞིག་ཡོད་པ་ནི་དངོས་གནས་བསོད་ནམས་རེད། སྔོན་ཆད་ཁྱོད་ལྕམ་སྲིང་གཉིས་ཀྱིས་འཁོན་འཛིང་བྱེད་ལ། རིམ་གྱིས་ནར་སོན་རྗེས་ཕན་ཚུན་བློས་ཐུབ་ཀྱི་གྲོགས་པོ་རུ་གྱུར་དུས་ནུ་མོ་ཁྱོད་ལ་འདང་རྩིས་ཆེ་ཞིང་དགོད་ཁ་སློང་བར་སྤྲོ། ཁོ་མོས་ནམ་ཡང་ཁྱོད་ནི་རང་ཉིད་ཀྱི་མིག་དཔེ་ལྟ་སར་བརྩིས་འདུག དེ་བས་ཁྱོད་ནི་ཨ་ཅེ་བཟང་བོ་ཞིག་ཀྱང་རེད། ང་ཚོ་གུ་ལོན་པུ་ཡ་སློབ་ཆེན་དང་ཁ་བྲལ་བ་ནས་བཟུང་ཁོ་མོས་ནམ་རྒྱུན་ཁྱོད་དྲན་བཞིན་ཡོད་ལ་ཁྱོད་ཀྱིས་ཀྱང་ཁོ་མོ་དྲན་བཞིན་ཡོད་ངེས། འཇིག་རྟེན་འདིར་ཆེས་རིན་ཐང་བྲལ་བ་ནི་རང་གི་ཁྱིམ་མི་ཡིན་པས། ཁོ་མོར་ཡང་ངེད་ཕ་མ་གཉིས་དང་འདྲ་བར་ཁྱོད་ཀྱིས་ནམ་ཡང་བློ་རྩེ་གཏད་ཆོག ལོ་ཟླའི་འགྲོས་དང་བསྟུན་ནས་ཁྱོད་གཉིས་ཀྱི་མཛའ་བརྩེ་ནམ་ཡང་འགྱུར་མི་ཉན་ལ་ཕན་ཚུན་ལ་གཟིགས་སྐྱོང་དང་ཐུགས་ཁུར་བྱེད་དགོས། འདི་ནི་ཕ་རྒན་ངས་ནམ་ཡང་མཐོང་འདོད་པའི་རེ་བ་དང་ཡིད་ཆེས་ཡང་ཡིན། ད་དུང་ཁྱོད་ཀྱིས་སློབ་ཆེན་འཚོ་བའི་ཁྲོད་ཁོམ་པ་རེ་བྱུང་དུས་ནམ་རྒྱུན་གཟུགས་འཆར་གློག་རླབས་བརྒྱུད་ནས་ཁོ་མོར་ཁ་བརྡ་བྱེད་པ་དང་ཡང་ན་སྟབས་བདེའི་འཕྲིན་ཡིག་བསྐུར་རྒྱུ་མ་བརྗེད། སློབ་ཆེན་ནི་ཁྱོད་ཀྱི་མི་ཚེའི་ཁྲོད་ཆེས་གལ་ཆེ་བའི་དུས་སྐབས་ཤིག་ཡིན་པས་འདི་ལས་ཁྱོད་ཀྱིས་སློབ་སྦྱོང་གི་བདེན་ལུགས་རྙེད་ཐུབ། སྔོན་ཆད་ནམ་རྒྱུན་ཁྱོད་ཀྱིས“བསླབ་ཚན་འདི་སྦྱངས་ན་བཀོལ་སྤྱོད་བྱེད་ས་ཡོད་དམ”ཞེས་དྲིས་མྱོང་། འདྲི་ཚིག་འདི་ནི་གནད་དུ་ཁེལ་བ་ཞིག་ཡིན་ལ། འོན་ཀྱང་ངས་རེ་བར“སློབ་གསོའི་བདེན་ལུགས་ནི་ཁྱོད་ཀྱིས་སྦྱངས་ཟིན་པ་མཐའ་དག་བརྗེད་ཟིན་ན་ཡང་མཇུག་མཐར་ཤུལ་དུ་ལུས་པ་དེ་ཡིན་པ”རྟོགས་རྒྱུ་དེ་ཡིན། ད་དུང་ཆེས་གལ་ཆེ་བ་ནི་ཁྱོད་ཀྱིས་ཡོངས་ཁྱབ་ཀྱི་ཤེས་བྱར་འཇུག་རྒྱུ་དེ་མིན་པར་བྱ་དངོས་གསར་བ་དང་གནད་དོན་གསར་བ་ཐག་གཅོད་བྱེད་པའི་ནུས་པ་ལྡན་རྒྱུ་དེ་ཡིན། དེ་ལྟར་བྱས་ན་ད་བཟོད་སློབ་ཆེན་གྱི་འཚོ་བར་དངོས་གནས་དོན་སྙིང་ལྡན་སྲིད། འདི་ནི་ཁྱོད་ཀྱིས་གཞན་རྟེན་སློབ་སྦྱོང་གི་ཐབས་ལམ་དེ་རང་བདག་སློབ་སྦྱོང་ལ་གོམ་ཁ་ཕྱོགས་པའི་སྐས་རིམ་ཡིན་པས། མཇུག་མཐར་རང་ཉིད་རང་རྐྱ་འཕེར་བ་ཞིག་དུ་འགྱུར་ངེས། དེ་བས། ཁྱོད་ཀྱིས་སྦྱོང་བཞིན་པ་ཡོད་ཚད་ནམ་རྒྱུན་འཚོ་བའི་ཁྲོད་དགོས་མཁོ་ཡོད་པའི་ངེས་བ་མེད་མོད། འོན་ཀྱང་སློབ་ཆེན་གྱི་བསླབ་བྱ་རེ་རེར་གཟབ་ནན་གྱིས་འཇུག་དགོས། དེ་ལྟར་བྱས་ན་ད་བཟོད་ཁྱོད་ཀྱིས་སློབ་སྦྱོང་གི་ཐབས་ལམ་བརྗེད་ཟིན་ན་ཡང་སློབ་སྦྱོང་ལ་བཟུང་བའི་རྣམ་འགྱུར་ནི་དུས་གཏན་དུ་ཁྱོད་ལ་དབང་ངེས། གནད་དོན་གང་དང་གང་ལ་ཡང་ཟོར་ཡངས་བའི་དྲིས་ལན་གཅིག་མ་གཏོགས་མེད་པ་མིན་པས། ལུང་ཚིག་ཙམ་གྱིས་རང་ཉིད་ལ་བཀག་རྒྱ་བཟོ་ག་ལ་ཉན། དེ་དུས་མཐོ་འབྲིང་སྐབས་སུ་ངས་ཁྱོད་ལ་རོགས་རམ་བྱས་ཏེ་སློབ་ཚན་གྱི་དཔྱད་གླེང་རྩོད་གཞི་རེ་རེར་ནམ་ཡང་ཁྱོད་ཀྱི་ཁ་གཏད་ནས་འགྲེང་ཏེ་སྒྲུབ་གཞི་གསར་བ་སྤྱད་ནས་ཁྱོད་རང་སྐྱེད་བསྲིངས་བྱས་པ་མིན་ནམ། ངས་འདི་ལྟར་བྱེད་པའི་རྒྱུ་མཚན་ནི་བྱ་དངོས་གང་དང་གང་ལ་ཡང་དྲང་ལྡོག་གི་ངོས་གཉིས་ཡོད་པས། ཁྱོད་ལ་ཕྱོགས་མང་པོ་ནས་མནོ་བསམ་བཏང་སྟེ་ཐག་གཅོད་བྱེད་པའི་གོམས་གཤིས་ཆགས་སུ་བཅུག་པ་ཡིན། གནད་དོན་གང་ལ་འཕྲད་ན་ཡང་ཁྱོད་ལ་འདི་ལྟར་ཐག་གཅོད་བྱེད་འདོད་ཀྱི་འདུ་ཤེས་སྐྱེས་དུས་ད་བཟོད་ཁྱོད་ནི་ཕྱོགས་ཡོངས་ནས་འཚར་ལོངས་བྱུང་བ་ཤེས་ཐུབ། “དགག་སྒྲུབ་ཀྱི་བསམ་གཞིག”ནི་ཁྱོད་ཀྱི་མི་ཚེའི་ཁྲོད་ཆེས་གལ་ཆེ་བའི་བསམ་བློ་གཏོང་སྟངས་ཤིག་སྟེ་དཀྱིལ་ཡངས་དང་བཟོད་སྒོམ་དེས་ཁྱོད་ཀྱི་ལྟ་ཚུལ་གཞན་དག་ལ་སྐུལ་འདེད་བྱེད་ངེས། ངས་ནམ་ཡང་བརྗེད་མི་ཐུབ་པ་ཞིག་ནི་འབུམ་རམས་པའི་སྐབས་སུ་མཛུབ་སྟོན་དགེ་རྒན་ལ་རྩོད་གཞི་གསར་བ་ཞིག་བཏོན་དུས་ཁོང་གིས་ང་ལ“ཁྱོད་ཀྱི་ལྟ་ཚུལ་དེར་ཁོ་བོ་འཐད་པ་མིན་མོད། འོན་ཀྱང་ཁྱོད་ཀྱིས་ལྟ་ཚུལ་བཏོན་པ་ལ་ཁོ་བོས་རྒྱབ་སྐྱོར་བྱེད་ངེས”ཟེར། ལོ་འགའི་རྗེས་སུ་ད་བཟོད་ཁོ་བོས་དེ་ནི་དཀྱེལ་ཡངས་དང་བཟོད་སྒོམ་གྱི་ལྟ་ཚུལ་མིན་པར་དགག་སྒྲུབ་ཀྱི་བསམ་གཞིག་ཡིན་པ་གཞི་ནས་ཤེས། ངོ་མ་སྐབས་དེའི་མི་སེམས་དབང་འདུལ་ཐུབ་པའི་མགོ་ཁྲིད་ཀྱི་ཁྱད་ཆོས་དེ་ད་ལྟ་ང་ལའང་ཆ་ཤས་ཤིག་འདུག ངས་རེ་བར་ཁྱོད་ལའང་འདི་ལྟ་བུའི་ཁྱད་ཆོས་ཤིག་ཡོད་པར་སྨོན། སློབ་ཆེན་ལས་ཁྱོད་ཀྱིས་རང་ཉིད་ཀྱི་དགའ་ཕྱོགས་དང་འདོད་མོས་འདེད་བཞིན་ཆེས་སྤྲོ་སྣང་ལྡན་པའི་བསླབ་ཚན་གདམ་རྒྱུ་ལས་ཡར་མར་གྱི་བཤད་པ་ཙམ་ལ་ཁུངས་བཙུན་བཅོལ་མི་རུང་། ཧྲི་ཏུས་ཧྥུའུ•ཅའོ་པུ་སི་ཡིས་དེ་སྔ་འདི་ལྟར་བརྗོད་མྱོང་ཡོད་དེ། “སློབ་ཆེན་གྱི་འཚོ་བའི་ཁྲོད་ཁྱོད་ཀྱི་བརྩེ་སེམས་དེས་མང་པོ་ཞིག་གསར་གཏོད་བྱེད་ལ་དེ་དག་མ་འོངས་བའི་ཚེ་སྲོག་ལས་ད་བཟོད་གཞི་གཅིག་ཏུ་སྦྲེལ་ཐུབ”ཟེར། ད་དུང་མིང་གྲགས་ཆེ་བའི་སི་ཐན་ཧྥུའུ་མཐར་ཕྱིན་མཛད་སྒོའི་གཏམ་བཤད་ཁྲོད་ཁོང་གིས་འདི་ལྟ་བུའི་དཔེར་བརྗོད་ཡ་མཚན་ཞིག་བཞག་མྱོང་། སློབ་ཆེན་སྐབས་སུ་ཁོང་གིས་བལྟས་ན་སྤྱོད་སྒོ་ཆུང་བའི་ཡིག་གཟུགས་ཤིག་སྦྱངས་ནས་མི་ལོ་བཅུའི་རྗེས་སུ་ཨ་རིའི་ཚོང་རྟགས་གྲགས་ཆེནAppleཡི་Macintoshཁྲོད་ཆེས་ལེགས་པའི་ཡིག་གཟུགས་ཀྱི་རྨང་གཞིར་གྱུར། Macintoshལ་འདི་ལྟ་བུའི་ཆེས་མཛེས་སྡུག་ལྡན་པའི་མ་ལག་དེ་ཡོད་པས་པར་གཞི་དཔར་སྐྲུན་དང་གཞུང་ལས་གཉེན་ཆསOfficeལ་སྟབས་བདེ་བཟོས། དྲང་མོར་བཤད་ན་ཁོས་ཡིག་གཟུགས་འདི་ལས་འཚོལ་ཞིབ་བྱས་པ་ནི་ཚེག་ཐིག་གཅིག་ཡིན་ལMacintoshནི་ཚེག་ཐིག་མང་པོ་སྐུད་ཐིག་གིས་གཞི་གཅིག་ཏུ་སྦྲེལ་བ་དེ་རེད། དེ་བས་ཁྱོད་ཀྱིས་མ་འོངས་བར་ཇི་ལྟ་བུའི་ལས་ཀ་ཞིག་གཉེར་བར་སེམས་ཁུར་གཏན་ནས་བྱེད་མི་དགོས། གལ་ཏེ་ཁྱོད་རང་ཉི་ཧོང་སྐད་དང་ཁོ་རེ་ཡའི་སྐད་ལ་སྤྲོ་བ་ཡོད་ན་རང་གིས་སྦྱང་ཆོག་ཆོག་ཡིན། ཕ་རྒན་ངས་སྔོན་ཆད་བཀག་འགོག་བྱས་མོད་འོན་ཀྱང་ཁྱོད་ཀྱིས་རང་གི་དགའ་ཕྱོགས་ལྟར་ད་ལྟའི་ཚེག་ཐིག་དེ་བདམ་ན་མ་འོངས་པར་ད་བཟོད་ཚེ་སྲོག་གི་འགན་འཁྲི་རྙེད་ཐུབ་ལ་མཛེས་སྡུག་གི་དྲང་ཐིག་ཀྱང་འབྲི་ཐུབ། རང་གི་བསླབ་འབྲས་ཐད་འབད་པ་བྱེད་དགོས་མོད་ཡིན་ན་ཡང་ཁྱོད་ཀྱི་ཨ་མ་དང་ངེད་གཉིས་ལ་ཁྱོད་ཀྱི་མཐའ་སྐར་ཐད་རེ་འདུན་གཞན་མེད་ལ་མི་ལོ་བཞིའི་སློབ་ཆེན་བདེ་བརླག་ངང་མཐར་ཕྱིན་ནས་རང་གིས་ཅི་ཞིག་སྦྱོང་ཐུབ་པ་ལ་དགའ་སྤྲོ་མི་སྐྱེས་ག་ལ་སྲིད། མཐར་ཕྱིན་སྐབས་ཁྱོད་ཀྱི་མཐའ་སྐར་ཁྱད་དུ་མི་མཚར་ན་ཡང་གུ་ལོན་པུ་ཡ་སློབ་ཆེན་འགྲིམས་པའི་དཔང་ཡིག་གིས་ཁྱོད་ཀྱི་མདུན་ལམ་རྒྱང་རིང་དུ་བསྲིངས་ངེས། དེ་བས་རང་ཉིད་ལ་གནོན་ཤུགས་གཏན་ནས་སྟེར་མི་རུང་། མཐོ་འབྲིང་གི་ཆེས་མཐའ་མའི་ཟླ་ངོ་འགར་ཁྱོད་ལ་སློབ་སྦྱོང་ཐད་གནོན་ཤུགས་གཞན་མེད་ལ་སློབ་ཆེན་འགྲིམས་འདོད་ཀྱི་རེ་འདུན་ཞུ་ཡིག་ཡང་ཡོངས་སུ་ལེགས་འགྲུབ་བྱུང་བས་རེ་ཞིག་སོས་དལ་གྱི་འཚོ་བ་ཞིག་རོལ་མོད། འོན་ཀྱང་ཉེ་བའི་གཟའ་འཁོར་འདི་གར་ཕལ་ཆེར་ཁྱོད་རང་འཚུབ་ཆ་ལངས་བཞིན་ཡོད་སྲིད། དེ་ལྟར་གཏན་ནས་བྱེད་མི་ཉན་ལ་ཆེས་གལ་ཆེ་བ་ནི་ཁྱོད་རང་སྔར་བཞིན་སློབ་སྦྱོང་ལ་ཞུགས་ཏེ་རང་གི་བརྩོན་པའི་ཡོན་ཚད་བསྡུར་ཞིབ་འབའ་ཞིག་བྱེད་རྒྱུ་དེ་ཡིན། མཐའ་སྐར་རམ་རྒྱུགས་སྐར་ནི་རང་རློམ་ཅན་གྱི་འུད་ཤོབ་འདོད་གཏམ་དང་སྒྱུད་ལུག་པས་འཇིགས་རུང་གིས་བརྗོད་པའི་མདོ་མེད་ཀྱི་ཨང་ཀི་ཙམ་སྟེ་ཁྱོད་རང་འདི་ལས་གང་ལའང་མི་གཏོགས་པས་སོ། ཆེས་གལ་ཆེ་བ་ནི་སློབ་ཆེན་ལས་མི་མང་པོར་འབྲེལ་འདྲེས་བྱས་ནས་སྤྲོ་སྣང་ལྡན་པའི་འཚོ་བ་ཞིག་རོལ་རྒྱུ་དེ་ཡིན། སློབ་ཆེན་གྱི་གྲོགས་པོ་ནི་དུས་གཏན་དུ་ཁྱོད་ཀྱི་ཚེ་སྲོག་ཁྲོད་ཆེས་བཟང་བའི་གྲོགས་པོ་ཡིན་པས་ནམ་ཡང་ཕན་ཚུན་དབར་འབྲེལ་འདྲེས་དམ་ཟབ་བྱས་ཏེ་རང་རྐྱ་འཕེར་བའི་འཚོ་བའི་བརྒྱུད་རིམ་ལས་མཉམ་དུ་འཚར་ལོངས་བྱུང་བས་ན་མ་གྲོས་རང་མཐུན་ངང་མཛའ་བརྩེ་ཟབ་མོས་དམ་དུ་སྦྲེལ་དེ་སྲོག་སྤུན་དུ་འགྱུར་ངེས། ཁྱོད་ཀྱིས་ཀྱང་ཤེས་གསལ་ལྟར་གཞུང་དྲང་བློས་ཐུབ་ཀྱི་གྲོགས་པོ་ཚོ་དང་ཉེ་བར་བཅར་ན་ཡང་ཁོ་ཚོའི་དགའ་ཕྱོགས་དང་སྦྱངས་འབྲས། ཕྱི་ཚུལ་དང་རང་གཤིས་སོགས་ལ་ཐེ་གཏོགས་གཏན་ནས་བྱེད་མི་རུང་། སྔོན་ཆད་མཐོ་འབྲིང་གི་ཆེས་མཐའ་མའི་ལོ་གཉིས་ལ་ཁྱོད་ཀྱིས་བློ་གཏད་ཆོག་པའི་གྲོགས་པོ་མང་པོ་ཞིག་བསྒྲིགས་ཡོད་པས་ད་ལྟ་ཡང་རང་གི་ཚོར་སྣང་ལྟར་གྲོགས་པོ་གསར་བ་རེ་འགའ་བཙལ་རྒྱུ་མ་བརྗེད། དྲང་མོར་བཤད་ན་གཞུང་དྲང་བབ་ཆགས་ཀྱི་ཁྱོད་ལ་མི་སུ་ཡང་དགའ་པོ་ཡོད་པས་ཡིད་ཆེས་དང་སེམས་རྒྱ་ཡངས་པོས་ངང་རང་འགུལ་གྱིས་རང་ཉིད་དགའ་བའི་མི་གང་རུང་ལ་གྲོགས་པོ་བསྒྲིགས་འདོད་ཀྱི་འདུན་པ་ཡོད་ན་ཤོད་དང་ཁོ་མོ་ཚོས་དང་དུ་མ་བླངས་རུང་ཁྱོད་ལ་གྱོང་གུད་ཅི་ཡང་ཡོད་པ་མ་རེད། མི་སུ་དང་སུ་ལའང་ཀུན་སློང་བཟང་བོ་དང་དཀྱེལ་ཡངས་ཀྱིས་འདྲེས་རྒྱུ་ལས་རེ་བའི་ཕྱོགས་ཞེན་འཛིན་ག་ལ་ཉན། དེ་ལྟར་བྱས་ན་ཁོ་མོ་ཚོར་གཞུང་དྲང་གི་ངོས་ཤིག་ཡོད་ཚེ་རང་འགུལ་གྱིས་ཁྱོད་ལ་ཡིད་ཆེས་ངེས། འདི་ནི་ཁོ་མོ་ཚོས་ཁྱོད་ལ་གནང་བའི་དྲིས་ལན་ཡིན་ལ་ཁྱོད་ཀྱི་རྒྱལ་ཁའི་གསང་བ་ཡང་ཡིན། ངས་མི་ལོ་བཅོ་བརྒྱད་ལྷག་ལ་དོ་དམ་པའི་ལས་འགན་ཁུར་ཏེ་ཆེས་གལ་ཆེ་བའི་གནད་དོན་ཞིག་ཤེས་རྟོགས་བྱུང་བ་ནི་ཁྱོད་ལ་གཞན་གྱི་ཡིད་ཆེས་དང་བརྩི་བཀུར་ཐོབ་དགོས་ན་ཐོག་མར་ཁྱོད་ཀྱིས་གཞན་ལ་ཡིད་ཆེས་དང་བརྩི་བཀུར་བྱེད་དགོས་པ་དེ་རེད། དོ་དམ་དང་ལས་གནས། གྲོགས་བསྒྲིགས་པ་སོགས་གང་ཡིན་རུང་གོང་གི་བསྡོམས་ཚིག་འདི་ཁྱོད་ཀྱིས་དཔྱད་གཞིར་བྱས་ཆོག་ཆོག་ཡིན། ཁྱོད་ཀྱིས་ནམ་རྒྱུན་མཐོ་འབྲིང་སྐབས་ཀྱི་གྲོགས་པོ་དང་འབྲེལ་གཏུགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་མོད། ཡིན་ན་ཡང་ཁོ་ཚོའི་མཛའ་བརྩེ་སློབ་ཆེན་གྲོགས་པོའི་མཛའ་བརྩེ་ཡི་ཚབ་དུ་འཇོག་མི་རུང་ལ་དུས་ཚོད་ཡོད་ཚད་གྲོགས་པོ་རྙིང་བའི་སྟེང་དེ་བས་བཀོལ་མི་རུང་། དེ་ལྟར་བྱས་ན་སློབ་ཆེན་ལས་གྲོགས་པོ་གསར་བ་འཚོལ་བའི་གོ་སྐབས་ཡང་ཤོར་འགྲོ། རེད་ཡ། ཁྱོད་ཀྱིས་སྔ་ས་ནས་རང་གི་དབྱར་གནང་འཚོ་བར་འཆར་གཞི་ཞིག་འཐེན་ན་འགྲིག ཁྱོད་ཀྱིས་ཅི་ཞིག་བྱེད་འདོད་དམ། གནས་གང་དུ་འདུག་འདོད་དམ། ད་དུང་མ་ཤེས་པ་གང་ཞིག་བསྐྱར་དུ་སྦྱངས་ན་འདོད་དམ། ཁྱོད་ཀྱིས་སློབ་ཆེན་གྱི་སློབ་སྦྱོང་ལས་འཆར་གཞི་གསར་བ་གཞན་རྙེད་ཡོད་དམ། ངས་བསམ་ན་ཁྱོད་ཀྱི་སྒྱུ་རྩལ་ཇུས་འགོད་གྱི་འཆར་གཞི་འདི་ནོར་མི་འདུག་སྙམ། ཁྱོད་ཀྱིས་ཀྱང་རང་གིས་གནས་གང་ཞིག་ཏུ་འོས་འཚམ་གྱི་བསླབ་ཚན་གང་ཞིག་སྦྱོང་བ་ལ་བསམ་བློ་བཏང་ཡོད་མོད། ང་ཚོའི་རེ་བར་ཁྱོད་རང་ཕྱིར་པེ་ཅིན་དུ་ལོག་རྒྱུ་དེ་ཡིན་ན་ཡང་མཇུག་མཐའི་ཐག་གཅོད་ནི་སྔར་བཞིན་ཁྱོད་ལ་དབང་ངེས། དབྱར་གནང་དང་བསླབ་ཚན་འཆར་གཞི དུས་ཚོད་བདག་གཉེར་སོགས་གང་ཡིན་རུང་ཁྱོད་ཀྱིས་རང་གི་མི་ཚེ་ལ་འགན་འཁུར་དགོས། སྔོན་ཆད་སློབ་འགྲིམས་རེ་འདུན་དང་སློབ་ཕྱིའི་བྱ་འགུལ་འཆར་གཞི། ཐོག་མའི་བསླབ་ཚན་ཀྱི་གདམ་གསེས་སོགས་ལ་ངས་ཁྱོད་ཀྱི་འགྲམ་ནས་རོགས་རམ་མི་ཉུང་བ་ཞིག་བྱས་ལ། རྗེས་ཕྱོགས་ཀྱང་ང་རང་སྔར་བཞིན་ཁྱོད་ཀྱི་ཕྱོགས་ནས་ལངས་སྲིད་མོད། འོན་ཀྱང་ད་ལྟ་ནས་བཟུང་སྟེ་ཁྱོད་ཀྱིས་རང་འགན་རང་འཁུར་གྱི་དུས་ཡིན་སྙམ། ངས་འཕྲིན་ཡིག་འདི་འབྲི་དུས་ཁྱོད་ཀྱི་ཨ་མར་ཁྱོད་ལ་བཤད་རྒྱུ་ཅི་ཡོད་ཅེས་དྲིས་དུས། ཁོ་མོས་འདང་ཅུང་ཙམ་བརྒྱབ་ཏེ “རང་གིས་རང་ལ་བདག་སྐྱོང་བྱོས” ཞེས་ཆེས་སྤྱིར་བཏང་གི་ཐུགས་ཁུར་དང་བྱམས་བརྩེ་ཡིས་ཁེངས་བའི་སྐད་ཆ་འདི་བཤད་བྱུང་། འདི་ནི་ཁྱོད་རང་ཆེས་དགའ་བའི་ཨ་མའི་ཁྱད་ཆོས་སྟེ། སྐད་ཆ་ཚིག་འབྲུ་འདིས་ཁྱོད་ལ་དོན་དག་མང་པོ་ཞིག་མངོན་ལྐོག་གང་རུང་ནས་གསལ་འདེབས་བྱས་ཡོད། དཔེར་ན་ཁྱོད་ཀྱིས་དུས་ལྟར་སྨན་འཐུང་གིན་ཡོད་མེད། གཉིད་སྐྱིད་པོ་ཞིག་ཁུགས་ཀྱིན་ཡོད་མེད། བཟའ་བཏུང་གི་བདེ་ཐང་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་མེད། ད་དུང་ཚད་ལྡན་གྱི་ལུས་རྩལ་སྦྱོང་བརྡར་སོགས་ཡིན། གནའ་རབས་རྒྱ་མིའི་གཏམ་དཔེར “དལ་འབྱོར་མི་ཡི་ལུས་རྟེན། དྲིན་ཆེན་ཕ་མས་གནང་བ། ཚ་བའི་རྨ་ཁ་མི་བཟོ། དྲིན་ལན་འཇལ་བའི་ཐོག་མ” ཚིག་དུམ་འདིའི་ནང་དོན་ནི་རྣམ་པ་གསར་བའི་སྒོ་ནས་འགྲེལ་ན་ཕ་མ་ཟུང་ཆེས་དགའ་བ་ནི་ཁྱོད་ཡིན་པས་རང་གིས་རང་ལ་བདག་སྐྱོང་བྱས་པ་ནི་དྲིན་ལན་འཇལ་བའི་ཐབས་ལམ་བཟང་བོ་ཞིག་ཡིན་ལ། ནམ་ཞིག་ཁྱོད་རང་ཕ་མར་གྱུར་དུས་ད་བཟོད་འདི་དག་ལ་གོ་བ་ཟབ་མོ་ཞིག་ལོན་ངེས། དུས་དེ་མ་ཐོན་བར་དུ་ཁྱོད་ཀྱིས་ཨ་མའི་ཁ་ལ་ཉན་ཏེ་རང་ཉིད་ལ་བདག་སྐྱོང་ལེགས་པོ་བྱེད་དགོས། སློབ་ཆེན་ནི་རང་དབང་གི་དུས་ཚོད་ཆེས་མང་པོའི་མི་ལོ་བཞི་ཡིན་ལ། སློབ་ཆེན་ནི་རང་བདག་རང་ཚུགས་ཐོག་མར་སྦྱངས་སའི་མི་ལོ་བཞི་ཡང་ཡིན། སློབ་ཆེན་ནི་རང་བཞིན་འགྱུར་སླ་བའི་མི་ལོ་བཞི་ཡིན་ལ། སློབ་ཆེན་ནི་ནོར་འཁྲུལ་གྱི་རིན་ཐང་ཆེས་དམའ་བའི་མི་ལོ་བཞི་ཡང་ཡིན། དེ་བས་ཁྱོད་ཀྱིས་སློབ་ཆེན་གྱི་འཚོ་བའི་འོད་སྣང་ལ་གཅེས་སྤྲས་བྱས་ཏེ་ལྷོད་གཡེང་གི་དུས་ཚོད་མང་པོ་བཀོལ་སྤྱོད་བྱས་ནས་རང་གི་ལས་དབང་ལ་ཁ་ལོ་བསྒྱུར་བའི་རང་བདག་རང་ཚུགས་ཀྱི་མནོ་བསམ་མཁན་དང་རང་ཉིད་ཀྱི་སྣ་འཛོམས་འཇོན་ཐང་གོང་འཕེལ་དུ་བཏང་ནས་སྤོབས་སེམས་ཆེན་པོའི་རྒྱལ་ཁ་དང་འཚར་ལོངས་ལ་འགྲན་བསླངས་ཏེ་ཀྲུང་ཕྱིའི་ཤེས་ལྡན་གཉིས་འཛོམས་ཀྱི་མི་སྣ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས། སྤྱི་ལོ༢༠༠༥ལོར་ང་རང་མི་ཚེ་ཁྲོད་ཀྱི་ཆེས་ཆེ་བའི་འགྲན་སྡུར་དང་ཁ་གཏད་དུ་ལངས་དུས་ཁྱོད་ཀྱིས་ང་ལ་བླ་མེད་ཀྱི་སྤོབས་པ་གནང་བ་མ་ཡིན་ནམ། ད་དུང་ཧྥ་རན་སིའི་སྐད་ཀྱིས“bonne chance”ཞེས་བརྗོད་པ་མིན་ནམ། སྐད་ཆ་འདིས“དཔའ་ངར་ཞུམ་མེད་དང་རླུང་རྟ་དར་བ”མཚོན་གྱིན་ཡོད་ན། ད་ལྟ་ངས་ཀྱང་སྔར་བཞིན“bonne chance”ཞེས་པ་ཁྱོད་ལ་སྐྱེས་སུ་འབུལ་འདོད། ང་ཡི་ཀོང་ཇོ་སྟེ་ལྷའི་ཕོ་ཉ་ལགས། གུ་ལོན་པུ་ཡ་སློབ་ཆེན་ནི་ཁྱོད་ཀྱི་མི་ཚེ་ཁྲོད་ཆེས་སྤྲོ་སྣང་ལྡན་པའི་མི་ལོ་བཞི་དང་ཁྱོད་ཀྱི་བསམ་དོན་མཐའ་དག་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ།
ཞེས་ཁྱོད་ལ་གཅེས་ཞིང་དུངས་བའི་ཨ་ཕཨ་མ གཉིས་ནས།



No comments:

Post a Comment