Saturday, June 1, 2013

ཁུང་ཙི་ནི་ཀྲུང་གོ་བའི་བསམ་བློ་དང་སྨྲ་བརྗོད་ལ་བྱས་ཉེས་བདོག་མཁན་ཐོག་མ་ཡིན།
ལེ་མེན།
ཨ་རིན་གྱིས་བསྒྱུར།
  ཁུང་ཙི་བགྲས་པོའི་སྲོལ་རྒྱུན་དེ་གཞུང་བཟང་དཀྱེལ་ཡངས་དང་འཆམ་མཐུན་མི་ལ་བྱམས་པའི་སྲོལ་རྒྱུན་ཡེ་ནས་མིན། ཁུང་ཙིས་མི་ཚེ་གང་བོར་དཔོན་པོར་འདུག་པར་བརྩོན་ལེན་བྱས་ཤིང༌། དཔོན་པོར་བསྡད་རྗེས་ཐོག་མའི་ལས་ཀ་ནི་མི་གསོད་པར་རྔམ་པ་དེ་རེད། མི་སུ་བསད་སོང་ཞེ་ན། ཧྲའོ་ཀྲིན་མཱའོ་བསད་སོང་བ་རེད། འོ་ན་དེ་གསོད་དགོས་པའི་རྒྱུ་མཚན་ནི། ཧྲའོ་ཀྲིན་མཱའོ་ཡིས་ཁུང་ཙིས་གཏན་ལ་ཕབ་པའི་བསམ་བློ་དང་སྨྲ་བརྗོད་ཀྱི་བཅོས་ཁྲིམས་ལ་རྒྱབ་འགལ་མཛད་པས་ཡིན་ཅིང༌། སྐད་ཆ་ཐར་བཅད་ན། ཁུང་ཙིས་ཧྲའོ་ཀྲིན་མཱའོ་ལ་ཕྲག་དོག་བྱ་ཡི་ཡོད་པས་སྔ་མོ་ཞིག་ནས་ཧྲའོ་ཀྲིན་མཱའོ་གསོད་པའི་གླགས་འཚོལ་མུས་མཆིས། དེའི་འབྲེལ་གྱི་དོན་དག་འདི་ཕྱིས་ཀྱི་རུའུ་ལུགས་མཁས་པ་ཞོན་ཙིའི་གསུངས་རྩོམ་ཁྲོད་གསལ་ཁ་འབྱིན་ཡོད་དེ།
“ཁུང་ཙི་ལུའུ་རྒྱལ་ཁབ་ཀྱི་བློན་ཆེན་ལ་བསྡད་ཅིང༌། བློན་གྱི་འགན་བཞེས་ཏེ་ཉིན་བདུན་མ་འགོར་བར་ཧྲའོ་ཀྲིན་མཱའོ་བསད། ཁོའི་སློབ་མ་མདུན་དུ་ལྷགས་ཏེ་ཧྲའོ་ཀྲིན་མཱའོ་ནི་ལུའུ་རྒྱལ་ཁབ་ཀྱི་མཁས་ཆེན་ཞིག་ཡིན། ཁྱེད་ཀྱིས་དབང་བཟུང་མ་ཐག་ཁོ་བསད་ན་མི་གཞན་པའི་སེམས་ཤུགས་ཆགས་འགྲོ་བར་མི་འདོད་དམ་ཞེས་དྲིས་པར། ཁུང་ཙིས་བཤད་རྒྱུར། ཁྱོད་མར་སྡོད་དང་ཁོ་གསོད་དགོས་དོན་ཁྱོད་ལ་བཤད། མི་ལ་རྐུ་འཕྲོག་ཕུད་ནག་ཉེས་རིགས་ལྔ་ཡོད་དེ། གཅིག་ནི་ནང་སེམས་རང་དབང་ཡིན་ན་དེ་ལྟར་ཉེན་ཁ་ཆེ། གཉིས་ནི་སྦྱོར་བ་ལོག་ལྟ་ཅན་རང་འདོད་ཁེར་སྒྲུབ་ལ་མོས་པ། གསུམ་ནི་སྨྲ་བརྗོད་ཟོལ་བཅོས་ཡིན་ཡང་རྩོད་མཁས་པ། བཞི་ནི་ཟིན་ཐོ་འབོར་ཆེན་བྲིས་ཏེ་ཞེ་མེར་བའི་གསར་འགྱུར་སྤེལ་བ། ལྔ་ནི་ལྟར་སྣང་ལྟ་ཚུལ་ལ་མོས་མཐུན་ཁར་བདེན་ཅོག་ཅོག་དུ་སྨྲ་བའོ།། ནག་ཉེས་འདི་ལྔ་ལས་མི་ལ་དེའི་ནང་གི་གཅིག་ལྡན་ཚེ། རྒྱལ་བོས་མི་དེའི་ཁྱིམ་རྒྱུད་རྩ་མེད་དུ་མི་བཟོ་བའི་ངེས་པ་མེད་ན། ཧྲའོ་ཀྲིན་མཱའོ་ལ་ནག་ཉེས་འདི་ལྔ་བོ་ཡོངས་སུ་ཚང་འདུག དེ་བས་ཁོས་རང་གི་བསྟི་གནས་སུ་མི་མང་པོ་བསྡུ་འགུགས་བྱེད་ཅིང༌། ཁོའི་སྨྲ་བརྗོད་ཀྱིས་མི་སེམས་བསླུ་སྲིད་ལ་ཁོའི་སྙིང་སྟོབས་དེས་ཁོ་ནི་གཞུང་ཕྱོགས་སུ་ངོ་རྒོལ་བྱེད་པའི་མགོ་ཁྲིད་དུའང་འགྱུར་ཉེན་ཆེ། དེ་ལས་ཁོ་ནི་མིའུ་ཆུང་ནང་གི་དཔའ་རྒོད་ཅིག་ཡིན་པ་མངོན་འདུག་ཨང༌། དེས་ན་ཁོ་ངེས་པར་དུ་གསོད་དགོས་ཟེར།”
ཁུང་ཙི་བགྲེས་པོས་བཤད་པའི་གོང་གི་“ནག་ཉེས་རིགས་ལྔ་”ལས། རིགས་གཉིས་པ་དེ་མིའི་སྦྱོར་བ་དང་འབྲེལ་ཡང༌། སྦྱོར་བ་ཅི་ལྟ་བུ་ཞིག་ཡིན་མིན་ཞིབ་ཆ་བཏོན་མི་འདུག དེའི་འཕྲོས་ཀྱི་རིགས་བཞི་བོ་ཡོངས་ནི་མིའི་བསམ་བློ་དང་སྨྲ་བརྗོད་ལ་འབྲེལ་འདུག དེར་བལྟས་ན། ཧྲའོ་ཀྲིན་མཱའོ་ནི་སྨྲ་བརྗོད་དང་བསམ་བློའི་ནག་ཉེས་བཟོས་པ་ལས་ཁུང་ཙི་བགྲེས་པོས་སྡུག་རྩུབ་ཀྱིས་བསད་པ་ཤེས་འོང༌།
གོང་སྨྲོས་ལྟར་ན། ཁུང་ཙི་བགྲེས་པོ་དངོས་ནས་ཀྲུང་གོའི་ལོ་རྒྱུས་སྟེང་གི་བསམ་བློ་དང་སྨྲ་བརྗོད་ལ་བྱས་ཉེས་བདོག་མཁན་ཐོག་མ་དང་མི་གསོད་ལག་དམར་ཡང་ཡིན་པ་ཐག་གིས་བཅད་ཆོག དེར་བརྟེན། ཁུང་ཙི་བགྲས་པོ་ནི་ཀྲུང་གོ་བའི་བསམ་བློ་དང་སྨྲ་བརྗོད་རང་དབང་ལ་བཀག་སྡོམ་དང་བཤུ་གཞོག་བྱེད་པའི་མེས་པོ་ཡིན་ཡང༌། ང་ཚོའི་ཀྲུང་གོ་བས་ཚེ་ཚེ་རབས་རབས་སུ་ཁོང་ཉིད་“དམ་པ་”ཞིག་ཏུ་བཀུར་བཟོ་བྱེད་མུས་མཆིས་ཤིང༌། དེ་ནི་ད་གཟོད་ཀྲུང་གོ་བའི་“ལས་དབང་”ངོ་མ་བོ་ཡིན་འདུག
འདིས་གནའ་བོའི་ཀི་རུ་སེའི་སོ་ཁུ་ར་ཐེའི་འདས་རྐྱེན་ངའི་ཡིད་ལ་འཆར་དུ་བཅུག་བྱུང༌། སོ་ཁུ་ར་ཐེ་ནི་ཁོའི་བསམ་བློ་དང་སྨྲ་བརྗོད་ཀྱི་ཆེད་དུ་བཀྲོངས་ཤིང༌། ན་གཞོན་པར་ལོག་ཁྲིད་ཀྱིས་ལྷ་ལ་དད་གུས་མི་བྱེད་པའི་ནག་ཉེས་བཀལ་མྱོང༌། འོ་ན་ཧྲའོ་ཀྲིན་མཱའོ་ནི་ཀྲུང་གོའི་ཆེས་སྔ་བའི་“སོ་ཁུ་ར་ཐེ་”ཡིན་ནམ་ཞེ་ན། ལོ་རྒྱུས་ཡིག་ཆ་དཀོན་པོ་དག་ལ་ཁུངས་གཏུགས་ཏེ་བཤད་ན། ཧྲའོ་ཀྲིན་མཱའོ་ནི་“ཁྲིམས་ལུགས་”ཀྱིས་“གུས་ལུགས་”ལ་ངོ་རྒོལ་བྱེད་པའི་ཡོན་ཏན་པ་ཞིག་ཡིན་ལ། རྒྱུ་མཚན་དེས་ཞོན་ཙིའི་རྒྱུད་ལ་སྙིང་རྗེ་ཅུང་ཙམ་སྐྱེས་ཏེ་ཁོས་ཅུང་དངོས་ཐོག་བདེན་འཚོལ་གྱིས་རུའུ་ལུགས་ཀྱིས་གསང་བའི་ལོ་རྒྱུས་ཚན་པ་འདི་ཟིན་བྲིས་སུ་བཏབ་པ་ཡིན་ལོས་ཆེ། དུས་སྐབས་དེར། ཧྲའོ་ཀྲིན་མཱའོ་ནི་ཁུང་ཙི་དང་བསྡུར་ཚེ་མ་མཐའ་ཡང་སྐབས་དེའི་ཤེས་རིག་གི་ཕྱོགས་སུ་གཞོལ་བའི་སྔོན་བསྐྱོད་ཀྱི་ཤེས་ཡོན་ཅན་ཞིག་ཡིན་འདུག་སྟེ། ཁོས་ཅུང་འདྲ་མཉམ་ཡིན་པའི་“ཁྲིམས་ལུགས་”ཀྱིས་འདྲ་མཉམ་མིན་པའི་“གུས་ལུགས་”ཀྱི་ཚབ་བྱེད་པར་རེ་བ་བཏོན། དེ་སོ་ཁུ་ར་ཐེའི་འདས་རྐྱེན་དང་གཤིབ་ན། སོ་ཁུ་ར་ཐེ་ནི་འདྲི་གཅོད་ལས་རོགས་ལྔ་བརྒྱ་ཡི་“མང་གཙོས་”བསད་ཅིང་ཧྲའོ་ཀྲིན་མཱའོ་ནི་ཁུང་ཙི་གཅིག་པུའི་“སྒེར་གཅོད་”ཀྱིས་བསད་པ་ཡིན། ཧྲའོ་ཀྲིན་མཱའོ་བསད་པའི་ལོ་རྒྱུས་ཀྱི་དོན་རྐྱེན་འདིའི་ནང༌། ཁུང་ཙི་སྒེར་ལ་ཉེས་པ་ཡོད་པ་ཐེ་ཚོམ་མི་དགོས་ཏེ། ཁོའི་ཉེས་པ་དེ་བསམ་བློ་རང་དབང་ལ་རྒོལ་བ་དང་སྨྲ་བརྗོད་རང་དབང་ལ་རྒོལ་བ། ཚོགས་འཛུགས་རང་དབང་ལ་རྒོལ་བ། ཉེས་མེད་མི་གསོད་ཀྱི་ལོ་རྒྱུས་ཐོག་མར་བཏོད་དེ་འགྲོ་མིའི་ཐོབ་ཐང་ལ་རྒོལ་བའི་ཐ་ཤལ་གྱི་ཉེས་པ་ཞིག་ཡིན། ཁུང་ཙིའི་སྐྱོན་ཅན་གྱི་སེམས་ཁམས་སུ་བལྟས་སོང་ནའང༌། ཕྲག་དོག་གིས་མི་བསད་པ་མངོན་གསལ་ཆེ་ལ། རྒྱུ་མཚན་དེས་ཁོས་ད་གཟོད་ཁུངས་ལུང་མེད་ཅིང་དོན་མེད་རྩོད་སློང་གིས་ཁྲིམས་འགལ་ལུགས་འགལ་ཡིན་ནའང་བསམ་བློ་དང་སྨྲ་བརྗོད་ཀྱི་བྱས་ཉེས་བཟོས་པ་རེད། དོན་དག་འདིའི་སྟེང་ནས། དོན་ངོ་མར་ཁུང་ཙི་ནི་ནང་སེམས་བདུད་ཀྱིས་རླམས་པའི་སྐྱེས་བུ་རྫུན་མ་ཞིག་ཡིན་པ་ཤེས་ཐུབ། ཁ་ནས་སྙན་མོ་གླུ་ཡི་འོ་ཞོ་འཇོ་ཡང་མི་གསོད་པར་ཨ་ཅང་བག་མི་ཚ་བར་འདུག་པས། དེང་གི་མི་རྣམས་དྲང་བདེན་གྱི་ཕྱོགས་སུ་ལངས་ནས་ཁུང་ཙིའི་ནག་ཉེས་ཐེར་འདོན་བྱས་ཤིང༌། ཀྲུང་ཧཱ་མི་རིགས་ཀྱི་སྤྱིའི་ཁེ་དབང་གི་ཆེད་དུ་“མ་ཉེས་ཁག་གཡོགས་ཀྱི་གྱོད་དོན་”འདི་ངེས་པར་དུ་དཀར་འདོན་བྱེད་དགོས།
 
འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱིས་སྔར་ལས་བདེན་དཔང་བྱེད་དེ། གནའ་བོའི་ཀུ་རི་སེའི་སྔོན་གཤེགས་དཔའ་བོ་སོ་ཁུ་ར་ཐེ་ལྟ་བུ་
དེ་བཞིན་ཕྱིས་སུ་བྱོན་པའི་ཡེ་ཤུ་ཡང་འདུབྱུང་བའི་རྐྱེན་གྱིས་འགྲོ་བ་མིའི་སྤྱི་ཡི་བློ་རིག་གི་སྒོ་མོ་ཐོག་མར་ཕྱེ་བ་དང༌། ཀྲུང་གོའི་“དམ་པ་”ཁུང་ཙི་ནི་དེ་ལས་ལྡོག་སྟེ། ཁོའི་དུས་ནས་བཟུང་ཀྲུང་ཧཱ་མི་རིགས་ཀྱི་བློ་རིག་གི་རྩ་བ་ཕྱིར་ཕྱུང་པས་ཀྲུང་གོ་བ་ནམ་ཡང་ཤེས་རྨོངས་ཀྱི་གྲོག་རོང་ལས་ཐར་ཐབས་མ་བྱུང་བ་རེད། དེ་ཡང་ཧྲའོ་ཀྲིན་མཱའོ་ཡི་དོན་རྐྱེན་དེ་ལས། བསམ་བློ་དང་སྨྲ་བརྗོད་ལ་བྱས་ཉེས་བཟོས་ཏེ་ཀྲུང་གོ་བའི་བསམ་བློ་དང་སྨྲ་བརྗོད་རང་དབང༌། ཚོགས་འཛུགས་རང་དབང་སོགས་ཀྱི་ཁེ་དབང་བཀག་སྡོམ་བྱས་པར། ཁུང་ཙི་ནི་ཏག་ཏག་དུར་རྫས་རྫ་མི་ལས་མཁན་ཐོག་མ་དེ་ཡིན་པ་ཤེས་ནུས། དེ་བས་ཁུང་ཙི་ནི་ཕྱིས་ཀྱི་སྒེར་གཅོད་དབང་བསྒྱུར་པ་ཡོངས་ཀྱིས་མིག་དཔེ་འཇོག་སའི་མེས་པོ་དང༌། དེ་ཚོས་ཁུང་ཙིས་བསམ་བློ་དང་སྨྲ་བརྗོད་ཀྱི་བྱས་ཉེས་གཏན་ལ་དབབ་པ་དེར་བསྟུན་ནས་མ་ཉེས་ཁག་དཀྲི་ཡི་ལོ་རྒྱུས་དོན་རྐྱེན་བཟོས་ཤིང༌། ལོ་སྟོང་ཕྲག་གཉིས་ལྷག་གི་རིང་ཆེས་གདུག་རྩུབ་དང་ཤན་ཤུགས་ཆེ་བའི་ཀྲུང་གོའི་“ཤེས་ཡོན་ཅན་བཙོན་འཇུག་”གི་ལོ་རྒྱུས་ཀྱི་འབྱུང་ཁུངས་ཀྱང་དེ་ནས་བྱུང་བ་རེད།
༼རྩོམ་ཡིག་འདི་དྲ་ཚིགས་གཞན་གྱིས་བརྒྱུད་འགོད་བྱས་མི་ཆོག༽
[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 11-09-11] [ཀློག་གྲངས། 244]


No comments:

Post a Comment