Saturday, June 1, 2013

གེད་སི་སྦག་གི་གཏམ་བཤད།
 [འདྲེན་ཚིག ]
གེད་སི་སྦག[GettysburgAddress]ཟེར་བ་ནི། ཨ་མེ་རི་ཁའི་མངའ་སྡེ་ཕན་སིལ་ཝ་ཎི་ཡའི་གྲོང་རྡར་ཞིག་གི་མིང་སྟེ། རྒྱ་གར་སྐད་དུ་葛底斯保ཞེས་འབོད་པ་དེ་རེད།ཨ་རའི་ལྷོ་བྱང་དམག་འཁྲུག་སྐབས་སུ་གནས་འདི་འདི་རུ་ལྷོ་བྱང་དམག་ཕྱོགས་གཉིས་ཀྱིས་ཉིན་གསུམ་༡༨༦༣ལོའི་ཟླ་བ་༧ཚེའི་༡ནས་ཚེས་༣བར་ལ་དམར་འཛིང་བྱས།༡༨༦༣ལོའི་ཟླ་བ་༡༡ཚེས་༡༩ཉིན། གནས་འདི་རུ་སྐབས་དེའི་ཨ་རའི་སྲིད་འཛིན་ལིན་ཁིན་གྱིས་སྐད་གྲགས་ཆོད་པའི་གེད་སི་སྦག་གི་གཏམ་བཤད་ཅེས་པ་འདི་སྤེལ་བ་ཡིན་འདུག གཏམ་བཤད་འདི་ནི་ཨ་རིའི་ལོ་རྒྱུས་སྟེང་སྐད་གྲགས་ཆེས་ཆེ་བའི་གཏམ་བཤད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། གཏམ་བཤད་འདི་གཞན་ལས་ལྷག་པའི་ཁྱད་ཆོས་གཙོ་བོ་གཅིག་ནི། ཚིག་ཉུང་དོན་འདུས་པ་དེ་ཡིན་པར་བཤད། གཏམ་བཤད་འདིར་བསྡོམས་པས་དབྱིན་ཡིག་གི་ཡིག་གྲངས་༢༧༢ཡོད་པ་དང་བཤད་ཡུན་ནི་དུས་ཚོད་སྐར་མ་༨༧སྔོན་ལ་སྤེལ་བའི་ཨ་རིའི་རང་བཙན་བསྒྲགས་གཏམ་ལ་གཞི་བཅོལ་ཏེ། སྐྱེ་བོ་ཡོད་ཚད་སྐྱེས་མ་ཐག་ནས་རང་དབང་དང་འདྲ་མཉམ་ཡིན་པའི་རྩ་དོན་གྱིས་དབུ་དྲངས། གཉིས་པ་ནི། ཐེངས་དེའི་ཨ་རིའི་ནང་འཁྲུག་སྟེ་ལྷོ་བྱང་དམག་འཁྲུག་གི་དོན་སྙིང་ལ་ཡང་བསྐྱར་གདེང་འཇོག་བྱས་པ་སྟེ། དེ་ནི་མངའ་སྡེ་སོ་སོས་གྲུབ་པའི་རྒྱལ་ཁབ་འཐོར་ཞིག་ཏུ་མི་འགྲོ་བ་ཙམ་གྱི་ཕྱིར་དུ་མ་ཡིན་པར། རང་དབང་གི་གསོན་ཤུགས་བསྐྱེལ་པའི་ཕྱིར་དུ་ཡིན་པ་དང་། གསུམ་པ་ནི། དམངས་དབང་། དམངས་སྐྱོང་། དམངས་ཕན་དང་འདྲ་མཉམ་ཁྲིམས་སྐྱོང་གི་སྲིད་གཞུང་གང་གི་རྒྱུདབསྲིང་བར་མི་འཇིག་དམ་བཅའ་བརྟན་པོ་བགོ་བའི་དགོས་པ་བསྟན་པ་དེའོ།གཏམ་བཤད་འདི་འོས་སྦྱོར་ཞུ་བའི་དགོས་པ་ནི་ལྷག་ཏུ་ཆེ་ལ། གཏམ་བཤད་འདི་བཀླགས་པས་ང་ཚོས་འཛམ་གླིང་སྟེང་གི་མིང་དུ་གྲགས་པའི་གཏམ་བཤད་དག་ཀྱང་རེ་རེ་བཞིན་ཀློག་འདོན་སྐྱེ་སྲིད་པར་གདོན་མི་ཟའོ།
སྒྲིག་པ་པོས།
  ལོ་ངོ་༨༧སྔོན་ལ། ང་ཚོའི་ཕ་མེས་རྣམས་ཀྱིས་ས་གཞི་འདིའི་སྟེང་དུ་རྒྱལ་ཁབ་གསར་བ་ཞིག་བཙུགས། རྒྱལ་ཁབ་དེ་ནི་རང་དབང་རྟེན་དུ་བྱས་ནས་ཤིང་། སྐྱེ་བོ་ཐམས་ཅད་སྐྱེས་མ་ཐག་ནས་འདྲ་མཉམ་ཡིན་པའི་རྩ་དོན་ལ་བརྟེན་པ་ཞིག་རེད། ད་ལྟ་ང་ཚོ་རླབས་ཆེན་གྱི་དོན་སྙིང་ལྡན་པའི་གཡུལ་འཁྲུག་འདི་ལ་ཞུགས་ཡོད་པ་ཡིན་ ན།དེ་ཡང་རྒྱལ་ཁབ་འདི་དང་། ཡང་ན་རང་དབང་གཞི་རྟེན་དུ་བྱས་ཤིང་འདྲ་མཉམ་རྩ་དོན་དུ་བཅས་པའི་རྒྱལ་ཁབ་གང་ཡིན་ཚང་མ་ཡུན་གནས་མཐའ་སྐྱེལ་ཡོང་མིན་ལ་རག་ལས་འདུག་པ་ཞིག་ཡིན་པ་རེད། གཡུལ་གཤེགས་དཔའ་བོ་རྣམས་ཀྱིས་དེ་ཡི་ཕྱིར་དུ་རང་གི་གཅེས་སྲོག་ཕུལ་སོང་། ང་ཚོ་རླབས་ཆེན་གྱི་གཡུལ་འཁྲུག་འདིའི་ཁྲོད་ཀྱི་ཤིན་ཏུ་གལ་འགངས་ཆེ་བའི་གཡུལ་ས་འདི་རུ་འདུས་པ་ནི། གཡུལ་ས་འདིའི་སྟེང་དུ་དཔའ་བོ་དེ་དག་གི་བླ་སྲོག་ལ་མཐའ་འཇུག་གི་ངལ་གསོའི་བསྟི་གནས་ཤིག་སྐྱེས་སུ་འབུལ་བའི་ཕྱིར་དུ་རེད། ང་ཚོས་དེ་ལྟར་བྱེད་པའི་དགོས་པ་བླ་ལྷག་ཏུ་ཆེ་བར་མ་ཟད། དེ་ནི་ཧ་ཅང་འོས་ཤིང་འཚམ་པ་ཞིག་ཀྱང་ཡིན་པ་རེད། འོན་ཀྱང་། སྤྱི་ཆ་ནས་བཤད་ན། ང་ཚོས་ས་གཞི་འདི་སྐྱེས་སུ་འབུལ་ཐབས་བྲལ། ང་ཚེས་ས་གཞི་འདི་འཕགས་ཡུལ་དུ་བྱ་ནས་མིན། གནས་མཆོག་ཏུ་སྒྲུབ་ནུས་མིན། ཅིའི་ཕྱིར་ཟེར་ན། ད་རག་བར་འཐབ་འཛིང་ཁྲོད་གྲོངས་ཟིན་པའི་དཔའ་བོ་རྣམས་དང་།ད་ལྟའང་ཞུམ་པ་མེད་པར་འཐབ་མོ་སྦྲན་པའི་དབའ་བོ་རྣམས་ཀྱིས་ས་གཞི་འདི་ཁྱད་དུ་འཕགས་པར་བྱས་ཟིན།གནས་མཆོག་ཏུ་བསྒྲུབས་ཟིན་པ་རེད། དེ་ཡི་ཚད་ནི་ང་ཚོའི་སྟོབས་ཤུགས་ཆུང་ངུ་འདི་ཙམ་གྱིས་གཞལ་བར་ནུས་པ་མ་ཡིན་ནོ། དེ་རིང་ང་ཚོས་འདི་རུ་ཅི་ཞིག་བཤད་སོང་བར་འཛམ་གླིང་ཧྲིལ་པོས་དོ་སྣང་བྱེད་པའི་ངེས་པ་མེད། ཡོད་ཀྱང་ཡིན་རིང་བོར་སེམས་སུ་འཛིན་པའི་ངེས་པ་མ་མཆིས། འོན་ཀྱང་། དཔའ་བོ་རྣམས་ཀྱིས་སདི་རུ་བཞག་པའི་མཛད་རྗེས་ནི། འཛམ་གླིང་ཧྲིལ་པོས་ནམ་ཡང་བརྗེད་མི་སྲིད། འདི་ལྟར་བཤད་ན་འགྲིག ང་ཚོའི་ད་ལྟར་འཚོ་ཞིང་གཞེས་པ་དག་གིས། དེ་སྔ་དཔའ་བོ་ཚོས་བླ་ན་མེད་པའི་སྙིང་སྟོབས་ཀྱིས་ཡར་བསྐྱེད་ཀྱང་ད་དུང་མ་འགྲུབ་པའི་བྱ་གཞག་རླབས་པོ་ཆེ་གང་གི་དོན་དུ་རང་ཉིད་ཀྱི་ཡོད་ཚད་འབུལ་བའི་སྙིང་སྟོབས་བསྐྱེད་པར་འོས། ང་ཚོས་གཡུལ་ས་འདི་རུ་གཤེགས་ཟིན་པའི་དཔའ་བོ་དག་གི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་རྒྱུན་བརྐྱངས་ཏེ། ཁོ་ཚོས་རང་གི་ཡོད་ཚད་ཕུལ་བའི་ལས་དོན་དག་གི་མཐའ་འཁྱོང་བར་བྱ། གཡུལ་གཤེགས་དཔའ་བོ་དག་གིས་རང་སྲོག་བཏང་བ་དོན་ལྡན་དུ་བྱ་ཕྱིར་དང་། དཀོན་མཆོག་གི་མགོན་སྐྱོབ་ལ་བརྟེན་ནས་རྒྱལ་ཁབ་འདི་སྐྱེས་སྟོབས་ཆགས་པའི་རང་དབང་གི་ཕྱིར་དུ། དེར་མ་ཟད། དམངས་དབང་དང་། དམངས་སྐྱོང་། དམངས་ཕན་གྱི་སྲིད་གཞུང་འདི་ནམ་ཡང་མི་འཇིག་པའི་ཕྱིར་དུ་ང་ཚོས་འདི་རུ་རང་སེམས་ལ་དམ་བཅའ་བརྟན་པོ་བགོ་བར་རིགས།

ཉི་གཞོན་གྱིས་བསྒྱུར།
ཨ་རི། ལིན་ཁིན།


No comments:

Post a Comment