Saturday, June 1, 2013

འུ་ཚོས་ཅི་ཞིག་འབྲི་ཐུབ། འུ་ཚོས་ཅི་ཞིག་འབྲི་ཐུབ་བམ།
རྣོ་སྦྲེང་།
ཁོ་བོ་ལྟར་ན། ཆེས་འབྲི་དཀའ་བ་ནི་རྫུན་གྱིས་མ་གོས་ཤིང་། རབ་རྒྱན་མ་བཏགས་པའི་ཇི་བཞིན་གྱི་འཚོ་བའོ།

               -------------------------སྔོན་དུ་བརྗོད་འདོད་པ།
དེ་ཡང་ནམ་རྒྱུན་དཔེ་ཀློག་དང་དཔེ་ཀློག་ཅེས་ཁ་ནས་དམིགས་བརྩེ་མ་ལྟར་ཟློ་བཞིན། དོན་དུ་དགོས་མཁོའི་ཡིག་རྡོག་ཐིག་ཕྲེང་འགའ་འབྲི་བ་ལའང་ལག་པ་འདར་བའི་རང་ཅག་གི་ན་གཞོན་སྐོར་ཞིག་གིས་གཞུང་ལུགས་དང་ལྟ་བ་ཟེར་བ་ལུང་ཚིག་རེ་འགའི་སྣེ་མོ་ལ་འཁེན་ཏེ་གླེང་རྩིས་བྱ་ཞིང་། རང་ཉིད་དང་ཆེས་ཐག་ཉེ་བའི་འཚོ་བའི་གནད་དོན་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཆུང་ཆུང་དག་ནི་གླེང་རིན་མེད་པར་འདོད་ཀྱིན་ཡོད་མོད།
 
  ཁ་དཔེར། ཆོས་ཆེན་པོ་ཨ་ཁུས་མི་ཤེས། ཆོས་ཆུང་ཆུང་ཨ་ཁུས་མི་འདོད་ཟེར་བ་བཞིན། ཐོག་མ་ཉིད་ནས་ཆུང་ཆུང་ཞིག་མིག་ནང་དུ་མི་འཇོག་ཅིང་ཆེན་པོ་ཞིག་ཕྲག་པ་ཡིས་མ་ཐེག་པས། འུ་ཅག་གི་རིག་གནས་ཀྱི་སྣང་ཚུལ་ཡང་རབ་རིབ་དང་མག་མོག་ཏུ་གྱུར་ཡོད་པ་མ་རེད་དམ།
 
 
  བདེན་ཏེ། འུ་ཅག་ལ་ཕུགས་བསམ་ཡོད་པ་ནི་ཤིན་ཏུ་བཟང་མོད། བཟོ་ལྟ་ཙམ་གྱིས་སྐད་ཆ་བཤད་དེ་བཟོ་ལྟ་ཙམ་གྱིས་རང་མགོ་གཡོག་པའི་སྣང་ཚུལ་དེ་ཅུང་སྐྱོ་བོ་ཞིག་ཡིན་ཙ་ན། འུ་ཅག་གིས་གཞུང་ལུགས་དང་གཞུང་ལུགས་ཅེས་ཆེན་པོ་ཞིག་མ་གླེང་བའི་ཡར་སྔོན་དུ། ཁ་ནས་དཔེ་ཆ་དཔེ་ཆ་ཞེས་གླེང་བའི་80རྗེས་ཀྱི་གསར་བུ་ཚོ་ལ་འདྲི་བ་འདི་དག་བཏོན་ན་ཨེ་ཉན་ནམ།
 

ནུབ་ཕྱོགས་མཚན་ཉིད་རིག་པའི་གཞུང་ལུགས་ལ་གསལ་ཆ་མེ་ལོང་འདྲ་ཞིག་ཡོད་དམ།
ཤར་ཕྱོགས་ཆོས་ལུགས་རིག་གནས་ཀྱི་དེ་ཉིད་ལག་མཐིལ་ལ་བླངས་འདྲ་ཡིན་ནམ།
ཡང་ན་བོད་ཀྱི་ལོ་རྒྱུས་གཙང་མ་ཞིག་འཆད་ཐུབ་བམ།
 
ཏུང་ཧོང་ཡིག་རྙིང་སྐོར་ལ་ཞིབ་འཇུག་གི་འགྲེལ་ཐན་ཐུན་རེ་ཡང་ཨེ་འགྲོ་འམ།
 
དམངས་གཙོ་རང་དབང་སོགས་ཡོངས་ཁྱབ་རིན་ཐང་གི་སྐོར་ནས་དོ་ཁུར་རྣལ་མ་ཞིག་བྱས་མྱོང་ངམ།
ལག་ན་ལེགས་བཤད་གསེར་ཕྲེང་གི་དང་ལམ་རིམ་ཆེན་མོ་སོགས་དུམ་རྒན་བཟུང་བའི་ཚུགས་ཀ་སྟོབས་པོ་ཡིན་ཀྱང་། དོན་དུ་ས་དོན་གྲུབ་གསུམ་གྱི་སྤྱི་ཁོག་ཨེན་ཙམ་རེ་ཡང་ཀླད་པའི་ནང་དུ་ཤོང་ཡོད་མེད་སུས་ཤེས།
 
 
  ས་པཎ་གྱིས། རྟ་ཕོ་བཟང་མིན་རྒྱུགས་ན་ཤེས།། མཁས་པ་ཡིན་མིན་རྩོམ་ན་ཤེས་ཟེར། ང་རང་སྐད་ཆ་འདི་ལ་ཤིན་ཏུ་ནས་འཐད་དེ། བྱ་ཕོ་གྲགས་རྒྱུ་མང་ཞིང་སྒོ་ང་གཏོང་རྒྱུ་མེད་པའི་མཁས་པ་དེའི་རིགས་ནི། གནའ་བོའི་སྐད་ཆ་ཞིག་གིས་བཤད་ན་དཔའ་བོ་ལག་རྡུམ་ཟེར་བ་དེ་ཨེ་ཡིན་ནམ།
 

  དེའི་ཕྱིར་ཡི་གེའི་ལས་ཀ་གཉེར་མཁན་ཚོས་ད་ལྟ་ཆེན་པོ་ཞིག་འཆད་མི་ཐུབ་ན། འཚོ་བ་དང་ཁོར་ཡུག་སྤྱི་ཚོགས་ཀྱི་སྣང་ཚུལ་སོགས་སྣེ་ཆུང་ངུ་ནས་གླེང་ཚེ་་ཁོང་དགོད་འཆོར་དོན་ག་རེ། རྒྱུན་ལྡན་གྱི་འཚོ་བའི་སྣང་ཚུལ་ལ་སྣང་ཆུང་བྱེད་པ་དེ་ཆེན་པོ་མི་འཁྱོངས་པའི་ན་གཞོན་འུ་ཅག་མ་ཡིན་ནམ།

  གཞན་ཚོང་ལས་ལ་འཇུག་མཁན་སྐོར་ཞིག་གིས། སྙན་ངག་པ་དང་དཔེ་ཆ་བ་ཚོ་ཐ་ན་ཚོགས་ར་གྲལ་དག་ཅིག་ནས་ཟ་མ་ཡང་ཟ་མི་ཤེས་པའི་མི་གླེན་པའི་གྲས་སུ་འཇོག ཡི་གེའི་ལས་ཀ་གཉེར་མཁན་ཁག་ཅིག་གིས། ཚོང་ལས་པའི་རིགས་ནི་སྒོར་མོའི་ཆེད་དུ་རང་ཚུགས་བོར་བའི་སྤྲེལ་ལད་མཁན་ཏུ་བལྟ།
  འདི་ལྟར་ལས་རིགས་སོ་སོས་མིག་ལམ་ནས་སོ་སོ་ཤིན་ཏུ་ཆུང་ཞིང་། ཕན་ཚུན་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པ་ཡང་ད་ལྟའི་ཆར་མཐོང་ཆོས་མྱོང་འགྱུར་ཡིན། གང་ལྟར། ལས་རིགས་སོ་སོ་ལ་སོ་སོའི་ཁྱད་ཆོས་དང་རིན་ཐང་། ཐོབ་ཤོར་སོགས་ཡོད་ན། འུ་ཚོས་རྒྱལ་ཁབ་གཞན་དང་མི་རིགས་གཞན་ཀྱི་80རྗེས་ཀྱི་གསར་བུ་དག་ལ་མིག་ཟུང་མི་གཡོར་དོན་ཅི།
 

བོད་ཀྱི་80རྗེས་ཀྱི་གསར་བུ་ཚོས་སྤྱི་ཚོགས་ཤེས་སམ།
 
བོད་ཀྱི་80རྗེས་ཀྱི་གསར་བུ་ཚོ་སློབ་རྭའི་ཕྱི་རོལ་དུ་དཔུང་འཇུག་ཅི་ལྟར་བྱེད་ཀྱིན་ཡོད་དམ།
བོད་ཀྱི་80རྗེས་དང་70རྗེས་ཀྱི་སྙུག་ཐོགས་པའི་སྡེའི་ཆེས་ཆེ་བའི་ཁྱད་པར་དེ་ཅི་ཞིག་ཡིན་ནམ།
 
 གང་ལྟར་80རྗེས་ཀྱི་འུ་ཚོས་ལུང་ཚིག་རེ་གཉིས་ལ་བསྟེན་ཏེ་གཞུང་ལུགས་ཤེས་མདོག་གི་ས་རྒྱ་མི་ཆོད་པས། སྐབས་སུ་མིག་གིས་རིག་ཅིང་རྣ་བས་གོ་བའི་སྤྱི་ཚོགས་ཀྱི་གནད་དོན་གླེང་ན། ཁྱེད་རང་དགོད་དོན་ཅི་ཡོད། ཡང་ན་ངུ་འདོད་ཡང་ཅི།
 

 འུ་ཚོས་ཅི་ཞིག་འབྲི་ཐུབ། འུ་ཚོས་ཏག་ཏག་ཅི་ཞིག་འབྲི་ཐུབ་ཨང་།


No comments:

Post a Comment