མི་རིགས་ཤིག་ནི་རིག་གནས་ཀྱི་སྡེ་ཚན་ཞིག་རེད།
རང་བྱུང་ཁམས་ཆེན་མོའི་ཕང་བར་གཞི་བཅས་པའི་མི་རིགས་གང་ཞིག་ཡིན་ཡང་གདོད་མའི་རུས་རྒྱུད་ཚོ་བ་གྲུབ་པའི་སྐབས་ནས་རིག་གནས་ཀྱི་རྣམ་པ་གང་རུང་དང་།
ཁྱད་ཆོས་གང་རུང་། གྲུབ་ཚུལ་གང་རུང་གི་མྱུ་གུ་འབུས་པའི་མགོ་བརྩམས་ཡོད། རིག་གནས་ཟེར་བ་ནི་ག་རེ་ཞིག་ལ་གོ་དགོས་པ་རེད་ཟེར་ན།
དེ་ལ་རིག་ཚན་སོ་སོའི་ཆེད་མཁས་པས་རང་ཉིད་ཀྱིས་ཞིབ་འཇུག་གནང་གིན་པའི་རིག་ཚན་གྱི་ཁྱབ་ཁོངས་དང་བསྟུན་ནས་མཚན་ཉིད་དང་ངེས་ཚིག་མི་འདྲ་བ་མང་བོ་འཇོག་གིན་ཡོད།
ད་ལྟའི་བར་དུ་རིག་གནས་རྐྱང་བར་བཞག་པའི་མཚན་ཉིད་ཉིས་བརྒྱ་དང་དྲུག་ཅུ་ལྷག་ཡོད་པར་བཤད།
ཡིན་ནའང་མིེའི་རིགས་རིག་པ་བ་རྣམས་ཀྱིས་རིག་གནས་ཟེར་བ་ནི་མིའི་རིགས་ཀྱི་བསམ་བློའི་ཤུལ་རྗེས་འཁོད་ཡོད་པའི་རང་བྱུང་མ་ཡིན་པའི་ཆོས་ཡོད་དོ་ཅོག་ལ་གོ་དགོས་པར་སྨྲ།
དཔེར་ན་རི་དང་ཆུ་དང་བྲག་དང་རྡོ་རྣམས་རིག་གནས་མིན་ཞིང་རི་བོའི་མགོ་ལ་ལྭབ་ཙེ་བསྟད་པས་རིག་གནས་གྲུབ་པ་དང་།
ཆུ་བོའི་ཉེར་ལེན་གྱི་རྒྱུ་ལ་བརྟེན་ནས་བཏུང་ཆུ་སྣ་ཚོགས་བཟོས་པས་རིག་གནས་གྲུབ་པ་ལྟ་བུ་ཡིན་ལ།
མི་རྣམས་ཀྱིས་བསམ་གཞིགས་ལ་བརྟེན་ནས་ལག་ཆ་གང་རུང་གིས་ཅ་ལག་གང་རུང་ཞིག་བཟོ་བའི་སྐབས་དང་ལོངས་སུ་སྤྱོད་པའི་སྐབས་ལ་བྱུང་བའི་བསམ་བློ་དང་ལག་རྩལ་ནི་རིག་གནས་ཡིན་པ་ལྟ་བུ་རེད་ལ།
ནམ་མཁའ་ནས་འབྲུག་གྲགས་པ་དང་ས་ནས་མེ་ཏོག་བཀད་པ་ལྟ་བུ་ནི་རིག་གནས་མིན་པར་ནམ་མཁའ་ནས་འབྲུག་གྲགས་པ་ནི་རང་བྱུང་ཁམས་ལ་བདག་པོ་གང་རུང་ཞིག་ཡོད་པར་འདོད་ཅིང་དེ་དང་འབྲེལ་ནས་ལྷ་ཟེར་བའི་ཆོས་ཤིག་བྱུང་བ་དང་།
མི་རྣམས་ལ་སྐྲག་སྣང་སྐྱེས་པ་དང་མཉམ་དུ་དེ་འབྲེལ་གྱི་གཏམ་རྒྱུད་སྣ་ཚོགས་བྱུང་བ།
དེ་ལ་འགྲེལ་བ་སྣ་ཚོགས་བརྒྱབ་པ་ལ་བརྟེན་ནས་མི་རྣམས་ཀྱིས་ཡང་དག་པའི་ཚན་རིག་གི་ལྟ་ཚུལ་བྱུང་བའམ་དེ་དག་ལ་གཞི་བཅོལ་ནས་རྩོམ་རིག་གི་ས་བོན་གྲུབ་པ་སོགས་ནི་རིག་གནས་ཤིག་གྲུབ་པའི་སྐབས་རེད།
དེ་བཞིན་དུ་མེ་ཏོག་བཀད་པ་ནི་རིག་གནས་མིན་པར་མེ་ཏོག་བཀད་པའི་གོ་རིམ་ཧྲིལ་བོར་ཞིབ་འཇུག་བྱས་ཏེ་ས་བོན་གདབ་ཚུལ་དང་།
ཆུ་ལུད་ཀྱིས་སྐྱོང་ཚུལ། ས་དྲོད་ཀྱིས་གསོས་ཚུལ།
མཛེས་རྟོག་གི་སྣང་ཡུལ་དུ་གྱུར་ནས་འཆར་སྒོ་སྣ་ཚོགས་སྐྱེ་བའི་སྐབས་ནི་རིག་གནས་ཤིག་ཏུ་གྲུབ་ཚར་ཞིང་།
ཅ་དངོས་གང་ཞིག་དངོས་པོའི་རང་བཞིན་དུ་སྡོད་ཅིང་ལོངས་སུ་སྤྱོད་པའི་དུས་ན་དངོས་པོའི་རིག་གནས་དང་ཡང་ཆོས་གང་ཞིག་ཐུན་མོང་གི་བསམ་པའི་རྒྱགས་ཕྱེས་སུ་གྱུར་ཏེ་ལོངས་སུ་སྤྱོད་པའི་ཚེ་ན་བསམ་པའི་རིག་གནས་ཟེར་བ་རེད།
རིག་གནས་ཀྱི་དབྱེ་སྒོ་ལ་མངོན་པའི་རིག་གནས་དང་སྦས་པའི་རིག་གནས་སོགས་དུས་སྐབས་མི་འདྲ་བ་དང་།
ཁྱད་ཆོས་མི་འདྲ་བ། མངོན་ཚུལ་མི་འདྲ་བ། ངོ་བོ་མི་འདྲ་བ།
གདགས་གཞི་མི་འདྲ་བ་གཞིར་བཟུང་ནས་དབྱེ་ཚུལ་སྣ་ཚོགས་པ་ཡོད།
མི་རིགས་ཤིག་ལ་རིག་གནས་ཀྱི་རྣམ་པ་སྣ་ཚོགས་ཤིག་ཡོད་པ་དང་དེ་དག་ནི་མི་རིགས་དེའི་ཆོས་ལུགས་དང་།
དཔལ་འབྱོར། ཆབ་སྲིད། ཁྲིམས་ལུགས། རྩོམ་རིག བསམ་བློ། འཛུགས་སྐྲུན། སྒྱུ་རྩལ།
མཛེས་དཔྱོད་སོགས་དང་འབྲེལ་ཡོད་ཅིང་མི་རིགས་གང་རུང་ལ་གཏོགས་པའི་མི་རྣམས་ལ་རིག་གནས་ཀྱི་རྣམ་པ་དེ་དག་གིས་དངོས་བརྒྱུད་གང་རུང་ནས་ཤན་ཐེབས་པས་དེ་དང་མཐུན་པའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེ་ལྟ་ཚུལ་ཆགས་པ་ཡིན།
དེ་བས་མི་རིགས་ཤིག་ནི་རིག་གནས་ཀྱི་སྡེ་ཚན་ཞིག་ཡིན་པ་དང་་མི་རིགས་གང་ཞིག་ལའང་རང་གི་རིག་གནས་ལ་བདག་པོ་རྒྱག་པའི་དབང་ཆ་ཡོད་ཅིང་བདག་པོ་རྒྱག་ཐུབ་མིན་དེའང་དོན་གྱིས་རིག་གནས་དེར་ངོས་ཟིན་ཡོད་མེད་ལ་ཐུག་ཡོད།
ལྷག་པར་རང་རེ་བོད་ཀྱི་གཞོན་ནུ་རྣམས་ནི་སྲོལ་རྒྱུན་དང་དེང་རབས་དབར་དང་།
དོན་དངོས་དང་ལྐོག་གྱུར་དབར།
རང་དོན་དང་གཞན་དོན་དབར་ནས་ཅི་བྱ་གཏོལ་བྲལ་དུ་ལུས་ཤིང་རང་ལུས་རང་གིས་གཅུན་མི་ནུས་པ་དང་རང་གི་བླ་སྲོག་ཐེད་དུ་བོར་ལ་ཉེ་བས་ན་རིག་གནས་བདག་དབང་གི་སྐོར་གྱི་གླེང་སློང་བ་ནི་ཤིན་ཏུ་དགོས་གལ་ཆེ་བར་མཐོང་།
དེ་ཡང་རིག་གནས་བདག་དབང་ཟེར་བ་ལ་ཕྱོགས་བཞི་ཡི་གོ་དོན་ཡོད་པར་འདོད་དེ།
གཅིག གསར་སྐྲུན་དང་གསར་བཏོད་ཀྱི་དབང་ཆ།
མི་རིགས་གང་ལ་ཡང་རང་ཉིད་ལ་མེད་པའི་རིག་གནས་ཀྱི་རྣམ་པ་གང་ཞིག་གསར་དུ་བསྐྲུན་པ་དང་ལམ་བུ་གང་ཞིག་གསར་ཏུ་གཏོད་པའི་དབང་ཆ་ཡོད་པ་ལ་ཟེར་བ་ཡིན་ཏེ།
དཔེར་ན་རང་རེ་བོད་ལ་དངོས་ལུགས་རིག་པ་དང་།
རྫས་འགྱུར་རིག་པ་ལྟ་བུའི་རང་བྱུང་ཚན་རིག་སྐོར་གྱི་རིག་ཚན་གསར་བ་མེད་པར་རྐྱེན་བྱས་ནས་མི་རིགས་གཞན་ལ་དཔེ་ལྟ་དང་རང་རིགས་གྱི་དོན་དངོས་གཞིར་བཟུང་ནས་བསྒྱུར་བ་དང་།
བརྩམས་པ་དང་།
འཆད་པ་སོགས་ལ་བརྟེན་ནས་རིག་ཚན་དེ་དག་གི་མ་ལག་འཛུགས་སྐྲུན་བྱེད་པའམ་ཡོད་པ་གང་ཞིག་འཐུས་ཚང་དང་།
ཇེ་རྒྱས།
ཇེ་ལེགས་སུ་བཏང་ནས་རང་གི་རིག་གནས་ཕུན་ཚོགས་གྱ་ནོམ་དུ་གཏོང་བའི་དབང་ཆ་ལྡན་པ་ལ་ཟེར་བ་ཡིན།
གཉིས། བདག་པོ་རྒྱག་པའི་དབང་ཆ།
དེ་ལ་ད་ལྟའི་སྐད་ཆ་ལྟར་ན་ཤེས་བྱའི་ཐོན་དབང་ཟེར་ལ་རང་གི་ཁེ་དབང་དང་ཐད་ཀར་འབྲེལ་ཞིང་ཁྲིམས་ཀྱི་སྟེང་ནས་ཁས་ལེན་ཐོབ་ཡོད་པའི་དབང་ཆ་རིགས་ཤིག་ཡིན།
མི་རིགས་སུ་ཞིག་གིས་གསར་བཏོད་བྱས་པའི་རིག་གནས་ཀྱི་རྣམ་པ་གང་དེ་ཐད་ཀར་རང་ལ་དབང་བས་ན་རང་གིས་བདག་པོ་བརྒྱབ་ཆོག་པ་སྟེ།
དཔེར་ན་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་ནི་བོད་ཀྱི་རིག་གནས་ཀྱི་རྣམ་པ་ཞིག་ཡིན་པས་ན་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་དང་འབྲེལ་བའི་བྱ་འགུལ་གང་རུང་སྤེལ་བའི་ཚེ་ན་བོད་རིགས་རང་གི་ཁོངས་མིར་གྱུར་བ་རྣམས་ཀྱིས་བདག་པོ་བརྒྱབ་ཆོག་པ་ལྟ་བུ་རེད།
གསུམ། ཐོག་མའི་ལོངས་སྤྱོད་ཀྱི་དབང་ཆ།
རིག་གནས་ཀྱི་རྣམ་པ་གང་ཞིག་གསར་དུ་བསྐྲུན་པའི་དམིགས་ཡུལ་ནི་ལོངས་སུ་སྤྱད་རྒྱུ་དེ་ཡིན་པས་ན་དེ་ཉིད་ཐོག་མར་གསར་གཏོད་བྱེད་མཁན་གྱི་མི་རིགས་དེ་ལ་ཅ་དངོས་གང་རུང་ཐོག་མར་ལོངས་སུ་སྤྱོད་པའི་དབང་ཆ་ལྡན་པ་སྟེ།
དཔེར་ན་འཕྲུལ་ཆས་གང་རུང་བཟོས་རྗེས་དེ་ཉིད་བཟང་བའམ་ལེགས་པའམ་ཡག་པའམ་བདེ་བ་གང་ཞིག་ཡིན་རུང་ཐོག་མའི་དུས་སྐབས་སུ་རང་ཉིད་ཀྱིས་ལོངས་སུ་སྤྱད་ཆོག་པ་ལྟ་བུ་རེད།
བཞི། འགྲེལ་རྒྱག་པའི་དབང་ཆ།
རང་མི་རིགས་ཀྱི་རིག་གནས་རྣམ་པ་གང་རུང་དང་རིག་གནས་སྣང་ཚུལ་གང་རུང་ཞིག་གཞན་གྱིས་ལོག་པར་འཆད་པ་དང་།
ཆད་པར་སྨྲ་བ་དང་། ལྷག་མ་བཤད་པ་གང་ཞིག་ཡིན་ཡང་དེ་དག་མིན་པའི་གསལ་ཁ་འདོན་པའི་དབང་ཆའང་མི་རིགས་རང་ལ་ལྡན་པ་ཡིན།
དཔེར་ན་བོད་ཀྱི་ནང་བསྟན་ལ་གཞན་སུ་ཞིག་གིས་ལོག་འགྲེལ་གནང་ན་དེ་དག་མིན་ཚུལ་གྱི་འགྲེལ་བ་གནང་བའི་དབང་ཆ་བོད་མི་རིགས་ཀྱི་ཁོངས་མིར་གྱུར་བའི་བོད་པ་རྣམས་ལ་མངའ་བ་ལྟ་བུ་རེད།
རིག་གནས་བདག་དབང་ཟེར་བ་ནི”དབང“དེ་འདྲ་ཞིག་ལ་གོ་དགོས་པས་ན་དེ་ལའང་བླ་མེད་རང་བཞིན་དང་།
བརྩི་མཐོང་རང་བཞིན། རང་བདག་རང་བཞིན། རྒྱུད་འཛིན་རང་བཞིན།
འཕེལ་རྒྱས་རང་བཞིན་སོགས་ཀྱི་ཁྱད་ཆོས་མངའ་བས་བོད་ཀྱི་རིག་གནས་ཟེར་བའི་མིང་རང་མཚན་པའི་གདགས་ཡུལ་རྙེད་པ་དང་།
བོད་ཀྱི་རིག་གནས་ཟེར་བར་བདག་པོ་རྒྱག་པ། བོད་ཀྱི་རིག་གནས་ཟེར་བ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་དབང་ཆ་ནི་དུས་དང་རྣམ་པ་ཀུན་དུ་གདོང་དམར་བོད་པ་རྣམས་ལ་ཡོད་པས་ན་བོད་ཀྱི་ན་གཞོན་རྣམས་ཉོན་ཅིག
བོད་ལ་བདག་པོ་རྒྱག་རོགས། བོད་ཀྱི་རིག་གནས་ལ་དོ་སྣང་མཛད་རོགས་ཞེས་ཞུ་བ་ཡིན་ནོ། །
2011ལོའི་ཟླ6ཚེས23ཉིན།
No comments:
Post a Comment