Friday, May 31, 2013

(2)བདག་གི་སློབ་གྲྭ།
བསོད་ནམས་བཟང་པོས་བསྒྱུར།
  ངས་ནི་འཛམ་གླིང་འདི་དང་དམ་པོར་འབྲེལ་བའི་དོན་དམ་གྱི་འཇིག་རྟེན་ཞིག་ལ་ཡིད་ཆེས་བྱེད་ཀྱིན་ཡོད་ཅིང་དེ་ནི་དོན་དམ་གྱི་བདེན་པ་ཡིན་པར་སེམས་བཞིན་ཡོད། ང་ཚོས་དབུགས་རྔུབ་ཐེངས་རེར་ང་ཚོ་རང་ཉིད་དཀོན་མཆོག་ཡིན་པའི་བདེན་པ་དེ་ཚོར་དགོས་པ་གལ་ཆེར་མཐོང༌། འུ་ཅག་རྣམས་ངོ་མཚར་དང་སྒྱུ་འཕྲུལ་མང་བའི་འཇིག་རྟེན་འདིའི་ཐོག་སྐྱེས་ཟིན་པས། ང་ཚོའི་མི་ཚེ་འདི་གློ་བུར་གྱི་གོ་སྐབས་ཤིག་ལས་བྱུང་བ་མིན་པར་ཁས་ལེན་བྱེད་དགོས་ཤིང༌། ད་ལྟའི་གནས་སྟངས་འདི་བརྒྱུད་མཐའ་མེད་པའི་གནས་ཤིག་ལ་འཕྱོ་གཡེང་བྱེད་མི་རུང༌། འུ་ཅག་གི་མི་ཚེ་འདི་ནམ་ཡང་གཉིད་ལས་སད་རྒྱུ་མེད་པའི་རྨི་ལམ་གཏོང་མཁན་གྱི་རྨི་ལམ་ལྟ་བུར་ངོས་འཛིན་བྱེད་མི་འོས། ང་ཚོ་ལ་ཐུན་མོང་མ་ཡིན་པའི་རང་གཤིས་རེ་ཡོད་ཅིང་མཐའ་མེད་པའི་གཤིས་ཀ་དེ་དབང་པོའི་ཤེས་སྟོབས་ལ་མ་ལྟོས་ན་དངོས་པོ་དང་ནུས་ཤུགས་སོགས་ལ་སྤྱོད་མཁོ་གང་ཡང་མེད། དེ་ལྟ་བུའི་གཤིས་ཀ་དེ་ནི་མིའི་བརྩེ་དུངས་ལས་བྱུང་བ་ཞིག་དང༌། དེ་ནི་མིའི་བླ་སྲོག་གིས་མཛེས་སྡུག་ལྡན་པའི་རང་བྱུང་ཁོར་ཡུག་ནང་བློས་གཏོང་དང་སྐྱེད་སྲིང་བྱས་པའི་འབྲས་བུ་བཟང་ཤོས་ཤིག་ཡིན་ལ། དེ་ནི་དངོས་པོའི་གནས་ལུགས་ཁོ་ན་ཙམ་མིན་པར་ནང་སེམས་ཀྱི་འདུ་ཤེས་ཕྱིར་མངོན་པ་ཞིག་ཀྱང་རེད་དོ། །
   འུ་ཅག་གིས་བྱིས་དུས་ནས་སྣང་མེད་ངང་བོར་བརླག་ཏུ་སོང་བའི་དོན་དམ་གྱི་འཇིག་རྟེན་འདི། ང་ཚོའི་བུ་ཕྲུག་རྣམས་འཇིག་རྟེན་འདིའི་ནང་ཡོངས་སུ་ཞུགས་བཅུག་ནས་ཕྱིར་རྙེད་ཐབས་བྱེད་དགོས་པ་ལས། ཆོ་ག་ཕྱག་ལེན་གྱི་ངོ་སྤྲོད་ཅིག་གི་འོག་ནས་འཇིག་རྟེན་འདི་རྙེད་མི་ཐུབ། འོན་ཀྱང་དེ་ཇི་ལྟར་བྱས་ནས་སྒྲུབ་པར་བྱེད་དམ་ཞེ་ན་ཐབས་ཤེས་དེ་ནི་དེང་གི་དུས་རབས་ནང་ཧ་ཅང་དཀའ་ངལ་ཅན་ཞིག་རེད། གང་ཡིན་ཞེ་ན་དེང་སྐབས་མི་རྣམས་ངལ་གསོ་ཙམ་ཡང་མེད་པའི་དུས་ཚོད་ཅིག་གི་འོག་ཏུ་འཚོ་བཞིན་ཡོད་ལ། ཁོང་ཚོའི་བྱ་བ་གང་ལའང་འགུལ་སྐྱོད་ཀྱི་རྣམ་པ་ཡོད་པ་མ་གཏོགས་དྲང་བདེན་མེད་པས། དོན་ངོ་མར་ཁོང་ཚོའི་བླ་སྲོག་གིས་དོན་དམ་གྱི་འཇིག་རྟེན་ཞིག་རྙེད་ཐུབ་མེད།
   རྒྱ་གར་ནང་ང་ཚོས་ད་དུང་ཡང་ནགས་གསེབ་ཏུ་འཚོ་སྡོད་བྱེད་པའི་བཀའ་དྲིན་ཅན་གྱི་སློབ་དཔོན་ཚོའི་ལུགས་སྲོལ་ལ་བརྩི་བཀུར་དང་ངོས་ལེན་བྱེད་ཀྱི་ཡོད། དེང་རབས་ཀྱི་ལྟ་ཚུལ་ངོས་ནས་བཤད་ན་གནས་དེ་ཚོ་ནི་སློབ་གྲྭ་དང་དགོན་པ་གང་ཡང་མ་རེད། ཁོང་ཚོས་རང་གི་ཕ་མ་བུ་ཕྲུག་དང་ལྷན་དུ་ཁྱིམ་བཅོས་ཤིང་ཁོང་ཚོའི་འདུན་པ་ནི་དཀོན་མཆོག་མཇལ་རྒྱུ་དང་ཁོང་ཚོ་རང་ཉིད་དཀོན་མཆོག་གི་དགོངས་པ་བཞིན་འཚོ་སྡོད་བྱེད་རྒྱུ་དེ་རེད། ཁོང་ཚོ་སྤྱི་ཚོགས་ཀྱི་ཕྱི་ལོགས་སུ་འཚོ་སྡོད་བྱེད་པའི་མི་སྡེ་ཞིག་ཡིན་ཀྱང༌། དོན་དངོས་སུ་ཉི་མ་ནི་རྒྱུ་སྐར་གྱི་དབུས་སུ་གནས་ཤིང་དེ་ལས་འོད་ཟེར་དང་ཚེ་སྲོག་བྱུང་བ་བཞིན་མིའི་སྤྱི་ཚོགས་ཀྱི་ལྟེ་བ་ནི་ཁོང་ཚོ་ཡིན། གནས་འདི་རུ་བྱིས་པ་རྣམས་ཁྱིམ་གྱི་བདག་པོར་མ་གྱུར་གོང་ཐོག་མཐའ་མ་མཆིས་པའི་མི་ཚེའི་དོན་སྙིང་དངོས་དེ་རྟོགས་ཀྱིན་དུ་འཚར་ལོངས་བྱེད་ཀྱི་ཡོད།
 
   གནའ་སྔ་མོའི་དུས་སུ་རྒྱ་གར་ནང་སློབ་གྲྭ་གང་དུ་ཡོད་ས་དེར་འཚོ་བ་ཡོད་པ་དང༌། སློབ་གྲྭ་དེ་ཚོའི་ནང་བྱིས་པ་རྣམས་འབྲི་ཀློག་གི་ཁོར་ཡུག་གམ་དགོན་པ་ལྟར་དབེན་གནས་ཀྱི་ཁོར་ཡུག་ཅིག་གི་འོག་ཏུ་འཚར་ལོངས་མི་བྱེད་པར། ཁོང་ཚོ་འཚོ་བ་དངོས་ཀྱི་ཁོར་ཡུག་ཅིག་ཏུ་ནར་སོན་ཞིང་། ཁོང་ཚོས་སྒོ་ཕྱུགས་རྣམས་སྤང་ཐང་དུ་འཚོ་བ་དང༌། མེ་ཤིང་འཐུ་བ། ཤིང་ཏོག་འཐུ་བ། སྲོག་ཆགས་རྣམས་ལ་བྱམས་ཤིང་བརྩེ་བ་སོགས་བྱས་ཏེ། རང་གི་དགེ་རྒན་གྱི་སྙིང་སྟོབས་འཚར་ལོངས་བྱེད་སྟངས་ལ་ལྟ་བཞིན་རང་ཉིད་ཀྱི་སྙིང་སྟོབས་འོག་ཏུ་འཚར་ལོངས་བྱེད་ཀྱི་ཡོད། གནས་དེ་རུ་འཚར་ལོངས་དེ་ལྟར་བྱེད་ཐུབ་པའི་རྒྱུ་མཚན་ནི་ཁོང་ཚོའི་དམིགས་ཡུལ་སློབ་ཁྲིད་བྱེད་རྒྱུ་མ་ཡིན་པར་དཀོན་མཆོག་གི་དགོངས་པ་བཞིན་འཚོ་བའི་མི་རྣམས་ལ་སྐྱབས་གནས་སྤྲོད་རྒྱུ་དེ་རེད།
 
   དེས་ན་སྲོལ་རྒྱུན་གྱི་དགེ་སློབ་བར་གྱི་འབྲེལ་ལམ་དེ་ནི་དེང་སྐབས་ཀྱི་ཤེས་ཡོན་སྲིད་ཇུས་ཀྱིས་ལག་བསྟར་བྱེད་ཀྱིན་པའི་བཅོས་མའི་ཞེན་ཆགས་ལྟ་བུ་ཞིག་མིན། ལེགས་སྦྱར་སྐད་དུ་ཆཱཏུསྤཱདིས྄་༡ཞེས་པའི་གཙུག་ལག་སློབ་གྲྭ་དེ་དག་ནང་དེང་སྐབས་ཀྱི་སློབ་གྲྭའི་རྣམ་པ་ཞིག་མེད། སློབ་ཕྲུག་རྣམས་དགེ་རྒན་གྱི་ཁྱིམ་དུ་གནས་བཅས་ཤིང་ཁོང་ཚོ་ནི་ཁྱིམ་ཚང་དེའི་བུ་ཕྲུག་ལྟར་སྐྱོང་ལ། གནས་མལ་དང་ཟས་གོས་སློབ་ཡོན་སོགས་ལ་སྐར་གཅིག་ཀྱང་སྤྲོད་དགོས་ཀྱི་མེད། དགེ་རྒན་གྱིས་རང་ཉིད་ཀྱི་ཤེས་ཡོན་རྒྱུན་སྐྱོང་བྱེད་པ་དང་འཚོ་བ་སྟབས་བདེ་ཞིག་བསྐྱལ་ཞིང༌། སློབ་མར་རོགས་སྐྱོར་བྱེད་པ་ནི་རང་གི་མི་ཚེའི་ཆ་ཤས་ཤིག་ཏུ་བརྩི་བ་ལས་ལས་ཀའི་ངོ་བོ་ཞིག་ལ་བརྩི་གི་མེད། རང་གི་མི་ཚེ་དགེ་རྒན་དང་མཉམ་དུ་སྐྱེལ་བའི་སློབ་གསོའི་ཕུགས་བསམ་འདི་བདག་གི་བསམ་བློའི་རེ་སྙེག་ཏུ་གྱུར། རྒྱལ་ཁབ་གཞན་དག་མང་པོའི་ནང་ཡར་རྒྱས་ཆེན་པོ་ཡོང་བར་འདུན་པ་དྲག་པོ་འཆང་མཁན་ཚོས་དེ་ལ་དཔགས་པའི་སློབ་གསོའི་དམིགས་ཡུལ་ཞིག་བཟུང་ཡོད། འོན་ཀྱང་ང་ཚོ་རང་ཉིད་ཀྱིས་རང་ཉིད་ལ་ཆེ་མཐོང་དང་ང་ཚོའི་བྱེད་པོར་གུས་བརྩི་བྱེད་ཆེད། ཤེས་ཡོན་སྦྱོང་བའི་དགོས་པ་ནི་རང་གི་བསམ་བློར་རང་དབང་འཐོབ་རྒྱུ་དང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་དམིགས་ཡུལ་མི་དམན་པ་ཞིག་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ལས་འཚོ་ཐབས་ངན་ངོན་ཞིག་ལ་འཐབ་རྩོད་བྱེད་པ་ནི་སྙིང་རྗེ་སྐྱེ་དགོས་པ་ཞིག་ཡིན། འུ་ཅག་རྣམས་ལ་སྲོག་འཚོ་ཐུབ་ཙམ་དང་དཀའ་ངལ་མི་འཕྲད་ཙམ་གྱི་ལྟོ་གོས་ཤིག་བྱུང་ན། ཐལ་རྡུལ་གྱི་ཁྲོད་དུ་ཞུགས་ནས་རང་རང་གི་དཀོན་མཆོག་འཚོལ་བ་དང༌། དོན་དམ་གྱི་འཚོ་བའི་ཁྲོད་ནས་རྒྱུ་ནོར་དངོས་དེ་འཚོལ་དགོས་ཏེ། དེ་ནི་ཕྱི་དངོས་པོ་ལས་མི་འབྱུང་བར་ནང་སེམས་ཀྱི་འོད་སྣང་ལས་བྱུང་བ་དང༌། དེ་ནི་སྟོབས་ཤུགས་ལས་མིན་ཏེ་བརྩེ་དུངས་ལས་བྱུང་བ་ཤེས་དགོས། བསམ་བློའི་སྙིང་སྟོབས་དེ་ཇི་ལྟར་སྐྱེས་མིན་ནི་ང་ཚོ་རང་ཉིད་ཀྱི་ཕ་ཡུལ་ཏུ་ཡོད་པའི་འཚོ་བ་དབུལ་བའི་ཤེས་ཡོན་པ་རྣམས་ཀྱིས་ར་སྤྲོད་བྱེད་ངེས། ང་ཚོས་ཤེས་ཡོན་སྦྱོང་བའི་དགོས་པ་ནི་རང་རང་གི་མི་ཚེར་དོན་དམ་པའི་ཕན་ཐོགས་ཡོད་པ་ཞིག་དགོས་རྒྱུ་དང༌། དུས་ཚོད་ཀྱི་དགོས་མཁོ་བྱུང་ཚེ་འཛམ་གླིང་འདིའི་འགྲོ་བ་མི་གཞན་དག་ལ་བདེ་དོན་གྱི་ཆེད་དུ་ལེགས་སྐྱེས་སུ་འབུལ་དགོས་པ་ཡིན།
   བདག་གི་སེམས་པར་ན་ཟུག་གིས་མནར་དུས་རྩོམ་རིག་གི་བྱ་བཞག་ཁྲོད་དུ་ཞུགས་དགོས་བྱུང༌། གློ་བུར་དུ་འདྲེ་གནོན་གྱི་དབུགས་བཀག་འོག་ཏུ་ང་རང་འཁུན་སྒྲ་འབྱིན་གྱིན་པའི་སྣང་བ་ཞིག་འཆར། དེ་ནི་བདག་གི་རྣམ་ཤེས་ཁོ་ན་ཙམ་མིན་པར་བདག་གི་ཚེ་སྲོག་དང་ལྷན་དུ་འཐབ་རྩོད་བྱེད་ཀྱིན་པའི་མི་རིགས་ཤིག་གི་རྣམ་ཤེས་ཀྱང་རེད། ངས་གསལ་པོར་ཤེས་པར་དོན་དངོས་སུ་ང་ཚོར་དགོས་པ་ནི་རྒྱུ་ནོར་དང་སྟོབས་ཤུགས་མིན་པར་བསམ་བློར་རང་དབང་ཐོབ་དགོས་པ་དང༌། ང་ཚོས་འགྲན་རྩོད་བྱེད་ས་ནི་དཔལ་འབྱོར་མཁོ་སྒྲུབ་བྱེད་མཁན་ཚོ་མིན་པར་དཀོན་མཆོག་གི་དགོངས་པ་བཞིན་འཚོ་བར་དགྲ་ཟླ་མེད་པ་དང༌། མཐོང་ཆུང་ཁྱད་གསོད་ཀྱི་འོག་ནས་ཐར་ཐབས་བྱ་རྒྱུ་དེ་རེད།
 
   སྟབས་ལེགས་པ་ཞིག་ལ་ང་རང་ལ་རང་ཉིད་ཀྱི་ལས་དོན་སྒྲུབ་སའི་ས་ཆ་ཞིག་ཡོད། ངའི་པ་ལགས་ཀྱིས་འགྲུལ་བཞུད་མང་པོ་བྱས་རྗེས། མཐར་དཀོན་མཆོག་དང་འགྲོགས་འདྲིས་ལེགས་པོ་བྱེད་ཐུབ་པའི་ཁེར་རྐྱང་གི་གནས་འདི་རྙེད་པ་རེད། གནས་འདི་ནི་ཞི་བདེ་དང་དབེན་གནས་ལ་དགའ་བའི་མི་རྣམས་ལ་སྒོམ་སྒྲུབ་དང་ཞལ་འདོན་བྱེད་སར་པཱ་ལགས་ཀྱིས་ལེགས་སྐྱེས་སུ་གནང་བ་རེད། ང་རང་གནས་འདིར་ཡོང་དུས་བྱིས་པ་བཅུ་ཙམ་ཞིག་མཉམ་དུ་ཁྲིད་ཡོད་ལ། སྔོན་ཆད་ཉམས་མྱོང་གང་ཡང་མེད་པའི་འཚོ་བ་གསར་པ་ཞིག་དངོས་སུ་འགོ་བཙུགས་པ་ཡིན།
 
   ཁོ་བོ་ཅག་གི་ཨཱཤ་རཱམ་༢དེ་ནི་རྒྱ་ཆེ་བའི་ལྗོངས་ཤིག་ཡིན་ཞིང༌། གྲོག་མཁར་དང་འགྲན་པའི་ཏ་ལའི་ཤིང་དང་ཚེར་མའི་ལྡོམ་བུ་ཐར་ཐོར་འགའ་སྐྱེས་པ་མ་གཏོགས་གཞན་དམར་ཐིང་ངེར་ཡིན། ཞིང་ཐང་གི་ས་ཁོད་ལས་ཀྱང་དམའ་ས་ན་ཤག་མ་དམར་པོ་དང་ཁ་དོག་འདྲ་མིན་གྱི་དེའུ་འབུར་དང་རི་ཆུང་གྲངས་ཀྱིས་མི་ལངས་པ་ཡོད་ཅིང༌། དེ་དག་གི་དབར་ན་ཆར་ཆུ་རྒྱུག་སའི་ཆུ་ཡུར་གྱིས་འབྲེལ་ནས་ཡོད། ལྷོ་ངོས་སུ་གྲོང་གསེབ་དང་ཅུང་ཉེ་ས་ཞིག་ན་ཏ་ལའི་ལྗོན་ཤིང་གི་ས་གཤོངས་སུ་སྔོ་ཐིང་ཐིང་གི་འཁྱིལ་ཆུ་དྭངས་མ་ཞིག་ཡོད། ཁུ་སིམ་པའི་ཞིང་ཐང་ཐོག་གྲོང་གསེབ་པ་ཚོས་གྲོང་རྡལ་དུ་ཉོ་ཚོང་བྱེད་ཆེད་དུ་སྐྱོད་སའི་རྐང་ལམ་ཕྲ་མོ་ཞིག་ཡོད་ཅིང་དེ་ནི་ཚ་ཟེར་ཅན་གྱིས་ཡུན་རིང་བསྲེགས་ནས་དམར་ཐིང་ངེར་གྱུར་ཡོད། རྐང་ལམ་འདི་བརྒྱུད་ནས་ཡོང་མཁན་གྱི་འགྲུལ་པ་ཚོས་རྒྱང་རིང་པོ་ནས་ཞིང་ཐང་ག་གེ་གུག་གེའི་མཐོ་ས་ན་གཏོར་གཟུགས་ཅན་གྱི་ལྷ་ཁང་འདི་དང༌། ཁང་པའི་ཡང་སྟེང་ན་ཞི་གནས་ཁང་ཤཱན་ཏི་ནིཀེ་ཏན་༣ཨཱཤ་རཱམ་དེ་ཨཉ་མཱ་ལཱ་ཀི༤། སཱལ་༥གྱི་ལྗོན་པ་ཐར་ཐོར་གྱི་དབུས་སུ་ཆགས་ཡོད་པ་མཐོང་ཐུབ།
 
   ལོ་ངོ་བཅོ་ལྔ་ཙམ་རིང་དཀའ་སྡུག་དང་འགྱུར་ལྡོག་མང་པོའི་ཁྲོད་སློབ་གྲྭ་འདི་གནས་དེ་རུ་འཚར་ལོངས་བྱུང༌། སྙན་ངག་པ་ཞིག་གི་གྲགས་པ་ངན་པ་ཡོད་པའི་རྒྱུ་མཚན་གྱིས་དཀའ་ངལ་དུ་མ་ཞིག་གི་འོག་ནས་ཕ་ཡུལ་གྱི་མི་རྣམས་ཀྱིས་ཡིད་ཆེས་རྙེད་པ་བྱུང་ཞིང༌། དཔོན་དབང་རིང་ལུགས་པའི་དོགས་འཆར་ལས་གཡོལ་ཐུབ་པ་བྱུང༌། བདག་གི་ཐོན་ཁུངས་ནི་ཤིན་ཏུ་ཉུང་ཞིང་ཅུང་ཟད་ཡོད་པ་དེ་དག་ཀྱང་བུ་ལོན་གྱི་མནན་ནས་ཡོད། འོན་ཏེ་ཕོངས་པ་འདི་འདྲ་ཞིག་གི་འོག་ཏུའང་བདག་གིས་རང་དབང་གི་སྟོབས་ཤུགས་ཤིག་རྙེད་པ་ནི་བདེན་དོན་ལས་ཕྱིའི་དངོས་པོར་བརྟེན་གྱི་མིན་པ་དེའོ། །
   འོན་ཀྱང༌། བདག་གིས་རང་ཉིད་ཀྱི་ཕུགས་བསམ་འདི་སློབ་གྲྭ་འདིའི་ནང་རྙེད་ཐབས་བྱེད་ཀྱི་ཡོད་དམ་ཞེས་དྲིས་ན། ཁོ་བོས་ང་ཚོའི་ཆེས་ཟབ་ཤོས་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་མིན་ནི་ཕྱིའི་གནས་སྟངས་ཀྱིས་ཚད་གཞལ་དཀའ་བ་ཞིག་རེད་ཅེས་ལན་འདེབས་བྱེད་ངེས་ཡིན། ཕུགས་བསམ་མངོན་འགྱུར་བྱུང་མིན་ནི་གནས་སྐབས་ཀྱི་གྲུབ་འབྲས་ལ་བལྟས་ནས་ཚོད་རྩིས་བྱས་ན་མི་འགྲིགས། འུ་ཅག་གི་ཨཱཤ་རཱམ་དེའི་ནང་མིའི་རིགས་ཀྱི་སྣེ་མང་རང་བཞིན་ཅན་གྱི་སྤྱོད་ཚུལ་འདུས་ཡོད། གོམས་གཤིས་མི་འདྲ་བ་དང་སྦྱོང་བརྡར་མི་འདྲ་བའི་ང་ཚོའི་ཁོངས་མི་ཚོར་རང་ཉིད་ཀྱི་ཐུན་མིན་གྱི་གོམས་གཤིས་དོར་དུ་བཅུག་ནས་གཅིག་གྱུར་གྱི་གྲུབ་འབྲས་ཤིག་ཐོན་པར་ང་ཚོས་རེ་བ་ནམ་ཡང་བཅངས་མེད། ལ་ལ་ནི་བྲམ་ཟེའི་ཆོ་རིགས་འཛིན་མཁན་དང་ལ་ལ་ནི་ཧིན་དྷུའི་ཆོས་ལུགས་གཞན་དག་ལ་དད་ཞེན་བྱེད་ཀྱི་ཡོད། ཡང་ལ་ལ་ནི་ཡེ་ཤུའི་ཆོས་ལུགས་ལ་དད་མོས་བྱེད་ཀྱི་ཡོད། ང་ཚོས་ཆོས་ལུགས་དང་གྲུབ་མཐའ་གང་ཞིག་ལའང་འཐེན་འཁྱེར་དང་ཚོད་འཛིན་མི་བྱེད་པས། སྣ་མང་རང་བཞིན་ཅན་གྱི་ཆོས་ལུགས་ལ་དད་ཞེན་བྱེད་པ་དེས་ང་ཚོར་འགོག་རྐྱེན་ཅི་ཡང་མེད།
 
   རྒྱ་གར་གྱི་མི་རིགས་ཕུད་མི་རིགས་གཞན་པ་རྣམས་ལ་ནགས་གསེབ་ཀྱི་གནས་ཆེན་ཨཱཤ་རཱམ་གྱི་ངོ་མཚར་རྣམས་ངོ་འཕྲོད་ཁག་པོ་རེད། གང་ཡིན་ཞེ་ན་དེ་ནི་ཉི་མའི་འོད་ཟེར་དང་སྐར་མའི་བཀྲག་མདངས་འོག་ཏུ་གནས་དེ་རུ་ཆུ་སྐྱེས་བཞིན་དུ་འཚར་ལོངས་བྱུང་བས་སོ། །རྒྱ་གར་གྱི་གནམ་གཤིས་ཀྱིས་ང་ཚོར་གུ་ཡངས་པའི་རླུང་ཞིག་གནང་བ་དང༌། མ་ཡུམ་གྱི་སྟོབས་ཤུགས་ཆེ་བའི་སྐད་ཡིག་གི་གཙང་པོས་ཡང་དག་པའི་ཆོ་ག་གདངས་སུ་གྱེར་ཞིང༌། མུ་མཐའ་མེད་པའི་ཞིང་ཐང་གིས་ང་ཚོའི་ཁང་ཁྱིམ་གྱི་མཐའ་ནས་བསྐོར་ཡོད། གནས་དེ་རུ་ཉི་མ་ནི་སྔོ་ལྗང་གི་འཇིག་རྟེན་ནས་གསེར་མདོག་གི་མར་བཞིན་མཆེད་དེ། རྨོངས་པ་རྣམས་ལ་བསྐལ་བ་གྲངས་མེད་ཀྱི་སྟག་པའི་སྒྲོན་མེ་ལྟར་གསལ་བར་བྱེད་པ་དང༌། དགོང་དྲོར་བསླེབས་ཚེ་རང་བྱུང་ཁམས་ཀྱིས་ཚེ་རབས་ཕྱི་མར་མཆོར་ཉམས་ཀྱི་གུས་འདུད་བྱེད་པ་བཞིན་ནུབ་ཕྱོགས་སུ་བཞུད། གནས་དེ་རུ་ལྗོན་པའི་གྲིབ་བསིལ་ཡང་གནས་སུ་བཅའ་འོས་པ་དང༌། ས་གཞིའི་རྡུལ་རྣམས་ཀྱིས་རང་གི་ལག་ངར་སྨུག་པོ་ངེད་ཅག་གི་ཕྱོགས་སུ་རྐྱོང་ཞིང༌། རླུང་བུས་བརྩེ་ཞེན་གྱི་གོས་བཟང་གཡོགས་ནས་རང་ཅག་རྣམས་ལ་དྲོད་ཁོལ་སྦྱིན་པར་བྱེད། འགྱུར་མེད་ཀྱི་བདེན་དོན་འདི་དག་གིས་ང་ཚོའི་སེམས་ལ་དྲན་སྐུལ་རེ་བྱེད་ཀྱིན་ཡོད་པས། ཆེས་བླ་ན་མེད་པའི་བླ་སྲོག་ནི་འགྲོ་བ་མིའི་བླ་སྲོག་དང་རང་བྱུང་ཁམས་ཀྱི་བླ་སྲོག་གཉིས་ཟུང་དུ་འབྲེལ་བ་ལས་བྱུང་བར་ངེས་ཤེས་རྙེད་པར་བྱ་རྒྱུ་ནི་རྒྱ་གར་གྱི་དགོས་དོན་གལ་ཆེན་ཞིག་ཡིན། དགོས་དོན་འདི་ནི་གནའ་བོའི་དུས་སུ་ནགས་ཀྱི་སློབ་གྲྭའི་ནང་རང་བཞིན་ངང་གནས་ཡོད་པ་དང༌། དེས་ད་ལྟ་ད་དུང་ཡང་ཁོ་བོ་ཅག་ལ་འཛད་མཐའ་མེད་པའི་མིའི་རིགས་ཀྱི་བརྩེ་སེམས་དང་འབྲེལ་བའི་སྣོད་བཅུད་འདྲ་མིན་ཏེ། ང་ཚོས་རྔུབ་བཞིན་པའི་རླུང་བུའི་ཁྲོད་ནས་འདུ་ཤེས་མྱོང་བ་དང༌། ང་ཚོའི་མིག་གིས་མཐོང་བའི་འོད་སྣང་ནས་འདུ་ཤེས་སྐྱེས་པ། གཟུགས་པོ་འཁྲུད་སའི་ཆུ་ནང་ནས་འདུ་ཤེས་སྐྱེས་པ། ང་ཚོ་འཚོ་ས་དང་འཆི་སའི་ས་གཞི་ནས་འདུ་ཤེས་སྐྱེ་ཐབས་བྱེད་པ་སོགས་ལ་ནན་སྐུལ་བྱེད་ཀྱི་ཡོད། ངས་རྟོགས་པ་དང༌། རང་ཉིད་ཀྱི་ཉམས་མྱོང་ལས་ཤེས་པར་ཨཱཤ་རཱམ་འདིའི་ནང་འཚོ་བའི་དགེ་རྒན་དང་སློབ་མ་རྣམས་ནི་ཉིན་ལྟར་སྐྱེ་བ་ཐོག་མ་མེད་པའི་རྣམ་ཤེས་དེར་རང་དབང་ཐོབ་པར་འཚར་ལོངས་བྱེད་བཞིན་ཡོད་ཅིང༌། དེ་ནི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཞིག་དང་ཕྱི་རོལ་གྱི་སྒྲིག་འཛུགས་ཤིག་ལ་བརྟེན་ནས་བྱུང་བ་མིན་པར། མཐའ་སྐོར་དུ་ཡོད་པའི་ཁོར་ཡུག་གི་མི་མངོན་པའི་སྟོབས་ཤུགས་དང་དཀོན་མཆོག་དང་གྲོགས་འདྲིས་བྱས་པའི་དད་གུས་ཅན་གྱི་བསམ་བློའི་དྲན་འཆར་ལས་བྱུང་བ་ཞིག་ཡིན།
   སློབ་གྲྭ་འདིའི་ནང་སློབ་ཁྲིད་ཀྱི་ཐབས་ལམ་ནི་ང་རང་ཉིད་ཀྱི་བྱིས་དུས་ཀྱི་ཉམས་མྱོང་གཞིར་བཞག་པའི་རྣམ་བཞག་ཅིག་ལག་བསྟར་བྱེད་ཀྱིན་ཡོད། གོང་དུ་འགྲེལ་བརྗོད་བྱས་པ་ལྟར་བྱིས་པ་ཚོར་ཤེས་རིག་གི་འདུ་ཤེས་ལས་ལྷག་པའི་སེམས་བྱུང་གཞན་མང་པོ་ཞིག་ཡོད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་ང་ཚོའི་སློབ་ཚན་རྒྱ་ཆེ་ས་ནི་དོན་གནད་འདི་གཞིར་བཞག་ནས་སློབ་ཀྱི་ཡོད། ང་ཚོའི་གཤིས་ཀའི་ནང་མི་རབས་མང་པོའི་ཉམས་མྱོང་འདུས་ཡོད་ལ། དེ་དག་གིས་ང་ཚོར་ངལ་དུབ་མི་སྤྲད་པར་མ་ཟད་སྤྲོ་སྣང་ཚད་མེད་སྦྱིན་གྱི་འདུག ཡོན་ཏན་སྦྱོང་འདོད་ཀྱི་སེམས་བྱུང་དེ་ནི་ང་ཚོ་རང་ཉིད་ཀྱི་མི་ཚེ་རུ་ཡོད་ཅིང༌། དེ་ནི་ཕྱི་ངོས་ནས་མེ་སྦར་བ་དང་ཤུགས་ཇེ་ཆེར་གཏོང་ཆོག་པའི་སྒྲོན་མེ་ལྟ་བུ་ཞིག་མིན་ཏེ། མི་ཚེའི་བརྒྱུད་རིམ་གྱི་ཁྲོད་དུ་མེ་རང་འབར་དུ་འབྱུང་བའི་འོད་ཟེར་ཞིག་ལ་ངོས་འཛིན་དགོས།  


No comments:

Post a Comment