Friday, May 31, 2013

༈དགག་སྒྲུབ་རང་ལུགས་པ་ཚོ་གླེང་བ།

འདི་ནས་ཡར་བལྟས་པའི་མི་ལོ་གཅིག་སྟོང་ལྷག་གི་གོང་རོལ་ན།ཤར་ཨེ་ཤ་ཡའི་ཧིན་ངྷི་རྒྱ་མཚོ་ཆེན་པོའི་ཉེ་འགྲམ་ན།མིའི་རིགས་ཀྱི་སེམས་ཁོང་ལ་ཤེས་རབ་ཀྱི་སྒྲོན་མེ་སར་སའི་རྩོད་པའི་སློབ་གླིང་ཞིག་མཐོང་སྟེ། དེ་ནི་ཕྱིས་སུ་ཡི་སི་ལན་གྱི་རྟ་དམག་གི་རྐང་སྒྲའི་འོག་གཏན་དུ་མི་ཡུལ་དང་གྱེས་སོང་བའི་དཔལ་ནཱ་ལན་དཱ་རེད་ཨང་།
ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ཁྲོད་ཆེས་མཐོ་བའི་མཚན་སྙན་བཟུང་བའི་ནཱ་ལན་དཱའི་གཙུག་ལག་སློབ་གཉེར་ཁང་དང་། ནཱ་ལན་དཱའི་མཚན་ཉིད་སྨྲ་བའི་སྐྱེས་ཆེན་ཚོ་ནི།ང་ཚོ་དང་སྔ་ནས་ཞལ་གྱེས་ཟིན་ནའང་། ཁོང་ཚོའི་ལེགས་བཤད་ཀྱི་སྒྲོན་མེ་རྣམས་ནི། ད་དུང་མིའི་རིགས་ཀྱི་སེམས་ཀྱི་མུན་ཁུང་ལ་བཏེགས་པའི་སྒྲོན་མེ་ཁོ་ནར་གྱུར་འདུག་གོ།།
ནཱ་ལན་དཱའི་མཚན་ཉིད་སྨྲ་བ་རྣམས་ཀྱིས། རང་ཉིད་ཀྱི་འདོད་པ་དང་མི་མཐུན་པའི་གྲུབ་མཐའ་དང་ལྟ་བ་ཞིག་བྱུང་ཚེ། རང་ཅག་གི་དགག་སྒྲུབ་རང་ལུགས་པ་ཚོ་དང་དང་འདྲ་བར་དེ་དང་པོ་ནས་ཇི་ལྟར་དགག་རྒྱུ་གཙོ་བོ་མ་ཡིན་པར། ཕ་རོལ་བ་ལ་དེ་ལྟ་བུའི་འདུ་ཤེས་ཀྱི་འཆར་སྣང་ཞིག་ཇི་ལྟར་ཡོང་གི་ཡོད་པའི་རིམ་པ་ལ་བསམ་གཞིགས་བྱེད་པ་རེད།
འདི་ནི་ད་གཟོད་ནཱ་ལན་དཱ་བ་ཚོའི་ཐུན་མོང་མ་ཡིན་པའི་བསམ་གཞིགས་བྱ་སྟངས་ཤིག་ཡིན་ལ།ནཱ་ལན་དཱ་བ་ཚོའི་བསམ་གཞིག་གི་གོམ་པའི་གནས་རིམ་དང་པོས་ནི།ཕ་རོལ་བའི་འདོད་པ་དང་ལྟ་བ་ལ་བརྩི་བཀུར་དང་དཔྱད་ཞིབ་བྱེད་པའི་ཁྲོད་ནས།རིམ་པ་གཉིས་པས་ད་གཟོད་བདེན་པ་ལ་བདེན་ཁ་དང་ནོར་བ་ལ་སྐྱོན་འཛུགས་བྱེད་པ་ལས།རང་གི་དགེ་རྒན་དང་བླ་མའི་གསུང་ཡིན་ཚེ།རིག་པ་སྣ་ཚོགས་ཀྱིས་ལྷན་ཐབས་་དང་དག་སྣང་སྦྱངས་ཏེ།ལུང་དོན་འདྲ་མིན་བཞག་སྟེ་ཨུ་ཚུགས་མཐར་བསྐྱལ་མི་བྱེད་པ་རེད།
དཔེར་ན།ཕྱི་རོལ་མུ་སྟེགས་པ་ཚོས་བདག་ཡོད་ནི་ཡོད་ཐག་ཆོད་ཡིན་པས།ཕུང་བོའི་ཆ་ཤས་རེ་རེེ་ནས་བདག་བཙལ་བ་ན།བདག་ནི་གཞིར་མ་གྲུབ་པས།རིག་པ་འདིས་མ་རྙེད་པའི་བདག་དང་མངོན་སུམ་དུ་ཡོད་པའི་འགལ་འདུ་གཉིས་ཀྱིས།ཕུང་པོ་ལས་ཕྱི་རོལ་གྱི་ཕྱོགས་མཚམས་གང་ཞིག་ཏུ་ཕུང་པོ་ལ་དབང་སྒྱུར་མཁན་གྱི་རང་དབང་བའི་བདག་ཅིག་མི་འཇོག་ཐབས་མེད་ཀྱིས་’’གང་ཟག་གི་བདག་ཡོད་ཅེས་སྨོས་པའི་ཚེ་ན’’།ནཱ་ལན་དཱ་བ་ཚོས་ཞེ་འདོད་ལ་དགག་པ་ཡིན་ལ།རང་ཅག་ཚོས་"གང་ཟག་གི་བདག་ཡོད་"ཅེས་པའི་ཚིག་ཙམ་རྣ་ཡིས་མ་བཟོད་པར་དགག་པ་ཡིན།
དེ་ཕྱིར་ནཱ་ལན་དཱའི་མཚན་ཉིད་སྨྲ་བ་རྣམས་ཀྱི་གཏན་ཚིགས་ནི།བརྒྱུད་རིམ་ལྡན་པའི་བསམ་གཞིགས་ཁྲོད་ནས་འཁྲུངས་པས་ན།ད་གཟོད།ནཱ་ལན་དཱ་བ་ཚོའི་སེམས་ཀྱི་ཀུན་གཞི་ངོས་སུ་དོན་དམ་པའི་གཏན་ཚིགས་ལས་ཐོབ་པའི་མྱོང་བའི་མཛེས་རྟོག་གིས་བསྣན་ཡོད་པ་མ་ཟད།ནཱ་ལེན་དཱ་བ་ཚོའི་གཏན་ཚིགས་ནི་ནམ་ཡང་མིའི་རིགས་ཀྱི་ཤེས་རིག་གི་འཇིག་རྟེན་ལ་འོད་སྣང་སྦྱིན་བྱེད་དུ་གྱུར་བ་རེད་ཨང་།
རང་ཅག་ཚོར་ཁ་ཅིག་གིས་"སྒྲ་ནི་རྟག་པ་ཡིན་"ཚེ་སྔ་ཕྱི་དང་"ལས་འབྲས་"མཆོག་གསུམ་"ཟེར་བ་ཡེ་ནས་མེད་" "དངོས་པོ་རྣམས་རང་རང་གི་རིགས་མཐུན་གྱི་རྒྱུ་ལས་སྐྱེ་པ་མ་ཡིན་པར་གློ་བུར་ཐོལ་རྒྱག་གི་བྱུང་བ་ཡིན་"ཞེས་ལབ་མ་ཐགརང་ཅག་ཚོས་ལག་འཁེལ་བ་ཞིག་ཡིན་ཚེ་ཅི་མི་སྙམ་པར་ལྟ་ལོག་དང་བསྟན་དགྲ་ཞེས་ཉེས་མིང་སྣ་ཚོགས་འགེལ་ཞིང་།གཞན་དག་ལ་ནི་ཁོང་ཁྲོས་ངོ་གདོང་དམར་ལོག་ལོག་ཏུ་འགྱུར་བཞིན།ཁ་ཤ་ལྷུག་ལྷུག་གིས་མ་རུང་བ་དེ་ཚོ་ཕྱིན་ཆད་ཇི་ལྟར་ཁ་གྲག་རྒྱུ་མེད་པར་བཟོ་བ་དང་།ཇི་ལྟར་ཡ་ལན་ཚ་ཐག་ཅིག་སྤྲད་ཏེ་ངོ་ཚ་ཁ་སྐྱེངས་སུ་འཇུག་རྒྱུར་རིག་པ་འཚོལ་བ་ལས།ཁོང་ཅག་གི་རྒྱུ་ལ་དེ་འདྲའི་ལྟ་ཚུལ་དང་བསམ་ཚུལ་ཞིག་ཇི་ལྟར་ཡོང་གི་ཡོད་པའི་ཞེ་ཕུགས་ལ་བསམ་གཞིགས་གཏན་ནས་མི་བྱེད་པ་རེད།
དེ་ཕྱིར་རང་ཅག་ཚོའི་གཏན་ཚིགས་ཀྱི་རལ་གྲི་ནི།ནམ་ཡང་རྨོངས་པ་དང་འཁྲུལ་བའི་ལྗོན་པའི་ཡལ་ག་གཅོད་བྱེད་ཙམ་དང་གནས་སྐབས་ཀྱི་ཁ་འགོག་ཐབས་ཙམ་ཡིན་པ་ལས།གོ་རིམ་ལྡན་པ་དང་གནད་དུ་ཁེལ་བ་ཞིག་མ་ཡིན་པས།རང་ཅག་གི་གཏན་ཚིགས་ནི་གཏན་ཚིགས་ཙམ་ལས།སྐྱེ་བོ་རང་རང་གི་རྒྱུད་ལ་མཛེས་སྡུག་ལྡན་པའི་མྱོང་བའི་ཚོར་རྟོག་ཅིག་ནམ་ཡང་འབྱིན་མ་ཐུབ་མ་ཟད།ལྡོག་སྟེ།སྐྱེ་བོ་རང་རང་གི་རང་དབང་གི་རྣམ་དཔྱོད་དང་ཤེས་རབ་ལ་སྒྲོག་ཏུ་འཆང་བྱེད་ཀྱི་ལྕགས་སྒྲོག་ཅིག་ཏུ་གྱུར་སོང་བ་མ་ཡིན་ནམ།
ནཱ་ལན་དཱའི་མཁས་མཆོག་ཚོར་རང་ཅག་ཚོས་བསྟན་པ་ལ་གཅེས་མདོག་གིས་ཕྱོགས་རེ་དང་ང་རྒྱལ་གྱིས་སྙིང་གང་བཞིན།རང་རང་གི་ཡིག་ཆའི་མཁན་པོར་གསོལ་བའི་སྐྱེ་བོ་དེ་དག་ཚོ་དང་འདྲ་བར་གཅིག་པར་གཅིག་གིས་བླང་བའི་པོ་ཏི་བགྲང་གིས་ལོང་བ་ཞིག་འཇལ་རྒྱུ་མི་འདུག་མོད།ཁོང་ཚོའི་མི་ཚེ་བདེན་པ་དང་ཤེས་རབ་ལ་བསྟུན་པའི་ཉེར་འབྲས་སུ་ལེགས་བཤད་ཀྱི་སྒྲོན་མེ་རེ་གཉིས་མཇལ་རྒྱུ་ཡོད་པ་ནི།རང་རང་གི་ཤེས་རབ་དང་བདེན་པ་བརྡར་བ་ལས་བྱུང་བའི་མྱོང་བའི་ཟིན་ཐོ་དངོས་ཡིན་པས་གང་གིས་ཀྱང་མཚོན་ཐུབ་ག་ལ་ཡོད།
ཁོ་བོས་ཕྱིས་སུ་གངས་རིའི་ལྗོངས་ཀྱི་ཐུབ་པའི་རང་ལུགས་སྨྲ་བ།ངེས་པ་དོན་གྱི་ཆོས་ཀྱི་བཤེས་གཉེན་ཆེན་པོ།རྗེ་བཙུན་ཙོང་ཁ་བའི་《གསེར་ཕྲེང་》དང་《དགོངས་པ་རབ་གསལ་》《དྲང་ངེས》།རྗེ་ཉིད་ཀྱི་གསུང་རྒྱལ་ཚབ་ཀྱིས་ཟིན་བྲིས་སུ་བཏབ་པར་གྲགས་པའི་《རྣམ་བཤད་》སོགས་ལ་འཇལ་བས།སྔོན་ཆད་རང་གིས་ཤ་ཐང་ཐང་གི་སྦྱང་མྱོང་བའི་རང་རེའི་ཡིག་ཆའི་མཁན་པོ་ཚོའི་རང་འདོད་ལྟར་ཁ་ཅིག་སུན་རྒྱུ་མེད་པ་མང་པོ་ཞིག་བཀོད་དེ་མཁས་མདོག་གིས་ས་དགག་གནམ་དགག་རེ་བྱས་ཡོད་པ་ལས་གཞུང་དངོས་ནི་ཚིག་ཐུར་རེའང་མ་ནོར་པར་རྗེ་ཡབ་སྲས་ཀྱི་གསུང་ཇི་གཞིན་བཤུ་འབྲི་བྱས་ཡོད་པའི་པོ་ཏི་ལྷག་མ་དེ་ཚོར་ཞིབ་མཇལ་ཞིག་བྱས་པས་ན།
ལས་སྣང་མ་དག་པས་ཡིན་ནམ་གང་ལྟར།ཁོ་བོར་སྔོན་ཆད་རང་གི་སེམས་ནང་དུ་ནམ་ཡང་རིག་པའི་འགྲན་ཟླ་མེད་པའི་རང་ཅག་གི་ཡིག་ཆའི་མཁན་པོ་ཚོར་སྣག་ཡིག་ཁྲི་སྟོང་མང་པོ་འབྲི་བའི་ངང་རྒྱུན་དང་།ཕན་པར་རེ་བའི་དགེ་སེམས་ཆེན་པོ་ཞིག་གིས་དྲང་བའི་རྗེས་སུ་ཡིད་རིང་གི་དད་པ་ཙམ་ལས།ཤེས་རབ་དང་བདེན་པ་བརྡར་བའི་རང་རང་གི་མྱོང་བ་ལས་བྱུང་བའི་བདེན་པ་དང་ཤེས་རབ་ཀྱིས་དྲང་བའི་དད་པ་ཞིག་ཁོར་བོར་གཏན་ནས་ཐོབ་མ་ཐུབ།
ད་དུང་མཚམས་ལན་རེར།པོ་ཏི་དེ་དག་གི་མཇུག་ཏུ་བག་མི་ཚ་བར་རང་ཉིད་ཀྱིས་གང་ཞིག་གི་ཟླ་ཚེས་ལ་སྦྱར་དང་བརྩམས་ཞེས་བྲིས་པ་དག་མཐོང་དུས།མཚམས་ལན་རེར་སེམས་གཏིང་ནས་འཚིག་པ་ཟ་ཞིང་།སྐབས་རེ་ངུ་མ་དགོད་ཀྱི་སྙིང་རྗེ་རེའང་སྐྱེས་ཡོང་།ངས་འདི་ལྟར་བདེན་པ་ཞིག་བཤད་པས།བསྐྱར་པར་བཤུས་བྲིས་ཀྱི་པོ་ཏི་དེ་དག་གི་དོན་དུ་ཕྱོགས་རེ་འཐེན་འཁྱེར་གྱི་སྙིང་གང་བའི་སྐྱེ་བོ་དེ་ཚོ་ནི་ཁོང་ཁྲོས་ནས་འབར་དེ་ཚིག་ནའང་སྡུག་གྱོང་ཡིན་ལ།སྤྱིར་འདི་ནི་སྐྱོན་གྱིས་ཚང་བའི་སྣག་ཐུམ་ཞིག་ཡིན་པས་ངས་མ་བརྩེགས་ནའང་གཞན་ཞིག་གིས་བརྩེགས་ངེས་པས།ང་ཁོ་ནའི་སྟེང་ལ་སྡང་དགོས་པས་རྒྱུ་མཚན་ཡང་མེད་དོ།།
ཡང་ཅིག་བཤད་ན།རང་སྐྱོན་རང་གིས་སློག་པ་ནི་ངོ་ཚ་ཁ་སྐྱེངས་དགོས་པ་ཞིག་མ་ཡིན་པར།དེ་ནི་རང་ཅག་གི་ལོ་རྒྱུས་ཀྱི་ཤིང་རྟ་བདེན་པ་དང་ཤེས་རབ་ཀྱི་འོད་སྣང་གི་ཕྱོགས་སུ་དྲང་བའི་གཟི་ལྗིད་ཅིག་ཡིན་ལ།ང་ཚོས་ད་དུང་སྐྱོན་དང་ནོར་བ་ལ་དག་སྣང་སྦྱང་ནས་བསྡོད་པ་ནི་རང་ཅག་རྒུད་པ་ནས་རྒུད་པའི་གནས་སུ་སྟོང་བའི་ཉེ་བ་ཆེན་པོ་ཞིག་ཡིན་པ་མ་ཟད།བསྟན་པ་ལ་གཅེས་ཟེར་ནའང་དོན་དུ་བསྟན་དང་ཁ་ཐག་རྒྱང་ནས་རྒྱང་དུ་གྱེས་ཏེ་བསྟན་པའི་གཟུགས་བརྙན་ཙམ་བསྟན་པར་འཁྲུལ་ཉེན་ཡོད་འདུག་གོ།།
ངས་སྔོན་ཞིག་ནས་’’རང་ཅག་གི་ཡིག་ཆའི་མཁན་པོ་ཚོ་ནི།གྲྭ་གཞོན་སྟོག་ཕྲག་མང་པོའི་རང་དབང་གི་ཤེས་རབ་དང་རྣམ་དཔྱོད་ཀྱི་སྐྱེས་རྒྱུན་གཅོད་མཁན་རེད་’’བཅས་ལབ་མྱོང་བ་ལྟར།ཤེས་རབ་འཚོལ་བའི་གཞོན་རབས་པ་མང་པོ་ཞིག་གི་མི་ཚེ་ནི།ཁོང་ཅག་དང་ཁོང་ཅག་གི་གྲངས་ཀྱིས་ལོང་བའི་པོ་ཏི་ཚོའི་ཆེད་དུ་ཡ་ང་མེད་པར་བསྟུན་ཟིན་ནའང་།མཐའ་མཇུག་རང་གི་དོན་དམ་པའི་སྟོན་པའི་གསུང་རབ་དང་།ནཱ་ལེན་དཱའི་སྐྱེ་མཆོག་ཚོའི་ལེགས་བཤད་ཀྱི་སྒྲོན་མེའི་རྒྱ་མཚོ་ལས་འདའ་འགོངས་བྱེད་པ་ཕར་ཞོགསྣང་བའི་ཉི་ཟེར་དང་ཆུ་ཐིག་ཙམ་གྱི་བྲོ་བའང་མྱོང་སྐལ་མེད་པར།
ཐ་ན།བོད་རང་གི་བཀའ་གདམས་པའི་དགེ་བཤེས་ཚོ་དང་རྗེ་ཡབ་སྲས་ཀྱི་གསུང་རྩོམ་དག་ལའང་།ཚིག་འགྲེལ་དག་མོ་ཞིག་ཀྱང་འགྲོ་མི་ཐུབ་པའི་རང་ཅག་གི་གཞུང་ཆེན་པ་དང་རིག་པ་སྨྲ་བ་ཚོ་ནི།འདི་ལྟར།རང་ཕྱོགས་འབུ་ཁུང་འདྲ་བོ་ནང་དུ་ང་རྒྱལ་དང་མཁས་ཉམས་ཀྱིས།དགག་སྒྲུབ་ཀྱི་རལ་གྲི་ས་གཡུག་གནམ་སྐོར་གྱིས་མི་ཚེ་ཆོས་དང་ཤེས་རབ་ལ་བསྟུན་བཞིན་པ་འདི་ནི།སྙིང་རྩ་འབྲེག་པ་དང་སྐེ་བསྒོར་བ་ལས་ཀྱང་ཅི་འདྲ་བའི་ན་ཟུག་དང་ཕངས་སེམས་སྐྱེས་པ་ཞིག་རེད་ཨང་།
མཇུག་མཐར།ཁོ་བོས་དམིགས་ཡུལ་དང་དགེ་བ་ཁྱད་པར་བ་ཞིག་གི་དབང་གིས།དངོས་ཡོད་ཀྱི་གདན་དོན་དཀྱིལ་སྙིང་ལ་བཞག་སྟེ།ང་རང་ཉིད་ཀྱི་དད་པ་དང་བརྩེ་དུང་སྡིག་ཉེས་སོགས་བློས་བཏང་ནས།རྩོམ་གྱི་སྒྱུ་རྩལ་གྱི་ངོས་ནས་ཚིག་གི་སྤྱོད་སྟངས་མང་པོ་ཞིག་ངར་ཤུགས་དང་སྤོབས་གཏམ་གྱི་སྒྱུ་རྩལ་གྱི་ཆ་ན་ཡོད་པ་ལས།ཡིན་མིན་གྱི་མཐའ་མཚམས་གཅོད་པའི་ཞིབ་མོ་རྣམ་ཐག་གི་སྟེང་ན་མེད་པས།གང་ནོར་བ་དང་འཁྲུལ་བ་རྣམས་ལ།རྒྱལ་བསྟན་ཉི་མའི་སྣང་བ་ཉིད་འཇིག་རྟེན་འདིར་ཡུན་ནས་ཡུན་དུ་གནས་པའི་ཆེད། ལོག་ལམ་པ་དང་ལྟ་ལོག་གི་ཉེས་མིང་འཁུར་བའི་བསྟན་པ་སྨན་དུ་རེ་བའི་ཁོ་བོས་མཐོལ་ལོ་བཤགས་པ་དང་བཅས་མཇུག་རྫོགས་སོ།།



No comments:

Post a Comment