Friday, May 31, 2013

(1)བདག་གི་སློབ་གྲྭ།
བསོད་ནམས་བཟང་པོས་བསྒྱུར།
  
  ང་རང་ལོ་ངོ་བཞི་བཅུར་བསླེབ་ལ་ཉེ་བའི་སྐབས་བྷེང་གྷོལ་དུ་སློབ་གྲྭ་ཞིག་གཉེར་བ་ཡིན། མི་ཚེའི་ལོ་ངོ་མང་ཆེ་བ་རྩོམ་རིག་ཐད་བཏང་ཞིང་ལྷག་པར་སྙན་ངག་འབྲི་རྒྱུར་དགའ་བའི་ང་རང་ལ་མཚོན་ན་སློབ་གྲྭ་གཉེར་རྒྱུ་ནི་ངའི་འདུན་པ་ཞིག་མ་རེད། དེར་བརྟེན་མི་རྣམས་ཀྱི་སེམས་ལ་ཡང་རང་བཞིན་གྱིས་སློབ་གྲྭ་འདི་ལེགས་པོ་ཞིག་ཡོང་རྒྱུ་མ་རེད་སྙམ་བཞིན་ཡོད་ལ། དེ་ནི་ཆེས་ཉེན་ཚབས་ཆེ་བའི་གནད་དོན་གསར་པ་ཞིག་སྟེ་ཉམས་མྱོང་མེད་པའི་ཐོན་སྐྱེད་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
རྒྱུ་མཚན་འདི་ལ་བརྟེན་ངས་སློབ་གྲྭ་འདི་ཅིའི་ཕྱིར་གཉེར་བ་ཡིན་ནམ་སྙམ་ནས་རང་གིས་རང་ལ་དྲི་བ་ཡང་ཡང་དྲིས་མྱོང༌། དྲི་བ་འདི་ནི་ཧ་ཅང་ཁ་སྐྱེངས་དགོས་པ་ཞིག་རེད། གང་ཡིན་ཞེ་ན་རྒྱུན་གཏན་མི་རྣམས་ཀྱིས་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་སློབ་གྲྭ་འདི་གཉེར་བའི་སྐོར་སྐད་ཆ་འདྲི་སྐབས་ཁོང་ཚོར་འདོད་པ་ཁེངས་པའི་རྒྱུ་མཚན་ལེགས་པོ་ཞིག་ང་ལ་བཤད་རྒྱུ་མེད། གང་ལྟར་ཡང༌། ངས་ག་དུས་ཡིན་ཡང་གནས་ཚུལ་ངོ་མ་བརྗོད་འདོད་དང་བདེན་པ་བདེན་ཐུབ་བརྗོད་པར་གཙོ་འདོན་བྱེད་ཀྱི་ཡོད།
 
   དེས་ན་ངས་ཆེས་ཐོག་མར་སློབ་གྲྭ་འདི་གཉེར་བའི་བསམ་ཚུལ་ཞིབ་ཕྲ་འདི་འདྲ་ཞིག་རེད་ཅེས་བརྗོད་ཐབས་བྲལ་བར་དགོངས་སེལ་ཞུ་རྒྱུ་ཡིན། བསམ་བློའི་ལྟ་ཚུལ་ཞེས་པ་ནི་རྩིག་རྨང་གཏན་ཁེལ་ཞིག་གི་ཐོག་ཁང་པ་བརྩིགས་པ་ལྟ་བུ་མིན། དེ་ནི་ས་བོན་ལྟ་བུ་ཞིག་ཡིན་ཞིང༌། སྡོང་པོར་གྱུར་སྐབས་ས་བོན་འདི་རེད་ཅེས་དབྱེ་འབྱེད་བྱེད་པ་དང་ལོགས་སུ་དགར་རྒྱུ་མེད། དེ་ལྟར་བསམ་གཞིགས་བྱེད་སྐབས་ངས་སློབ་གྲྭ་གཉེར་བའི་ལྟ་ཚུལ་འདིའི་འབྱུང་རྐྱེན་རགས་པ་ཞིག་ཕལ་ཆེར་འཆར་ཡོང་གི་འདུག དེ་ནི་སློབ་གསོའི་ལྟ་གྲུབ་གསར་པ་ཞིག་ལས་གྲུབ་པ་མ་ཡིན་པར་བདག་སློབ་གྲྭ་བའི་གནས་སྐབས་ཀྱི་དྲན་འཆར་ལས་བྱུང་བ་ཞིག་ཡིན། སྐབས་དེ་ནི་ང་རང་ལ་མཚོན་ན་ཤིན་ཏུ་མི་སྐྱིད་པའི་དུས་སྐབས་ཤིག་ཡིན་ཞིང༌། ངའི་ཐུན་མོང་མ་ཡིན་པའི་གཤིས་སྤྱོད་ལ་ལོངས་སུ་སྤྱོད་རྒྱུ་མེད་ལ་ང་རང་འགྲོ་སའི་སློབ་གྲྭ་དེའི་སྐྱོན་ཆ་གང་ཞིག་མཐོང་ཡང་གསལ་བཤད་བྱེད་ས་ཡེ་ནས་མེད། ཅི་སྟེ་སྐབས་དེར་ངས་གོ་མེད་ཚོར་མེད་ངང་བསྡད་ཚེ་ཕལ་ཆེར་ག་ལེར་ག་ལེར་གནོན་ཤུགས་དེ་བཟོད་ཐུབ་ཡོད་ངེས་རེད་ལ་གཙུག་ལག་སློབ་གྲྭ་ཆེན་མོ་བའི་ལག་འཁྱེར་ཞིག་ཀྱང་ཐོབ་ཡོད་ངེས་རེད། འོན་ཀྱང་སློབ་གྲྭ་ནི་སློབ་གྲྭ་རང་རེད། མཐུན་རྐྱེན་མི་འདྲ་བ་ཙམ་མ་གཏོགས་ཕལ་ཆེར་གཅིག་མཚུངས་རེད།
 
   མཐུན་རྐྱེན་ཁོ་ན་ཙམ་ཡིན་ན་དེ་ནི་བྱིས་པ་ཚོར་ཡང་རང་གི་ཨ་མའི་ནུ་ཞོ་འཐུང་ནས་ཐོབ་ཀྱི་ཡོད་ལ། ཨ་མ་དང་བྱིས་པ་གཉིས་ཀ་དུས་མཉམ་དུ་ཁ་ཟས་ལ་རོལ་ཐུབ་ཀྱི་ཡོད་པར་མ་ཟད་དེ་ནི་ལུས་སེམས་གཉིས་ཀའི་རྒྱགས་ཕྱེ་ཞིག་ཀྱང་རེད། བྱིས་པ་ཞིག་ལ་མཚོན་ན་གནས་སྐབས་དེ་ནི་མི་དང་འཇིག་རྟེན་བར་ལ་དོན་དངོས་ཀྱི་འབྲེལ་ལམ་གང་འདྲ་ཞིག་ཡོད་པའི་སྐོར་ངོ་སྤྲོད་བྱུང་བ་ཐོག་དང་པོ་དེ་རེད། དེ་ནི་མི་དང་མིའི་བར་གྱི་བརྩེ་དུང་ལས་བྱུང་བ་ལས་ཕྱི་དངོས་པོའི་གཏན་སྲོལ་ཞིག་ལས་བྱུང་བ་གཏན་ནས་མིན་ནོ། །
   དེ་ལྟར་ན་ངེད་ཅག་གི་བུ་རབས་ཚོའི་སྐོམ་པ་ཚད་མེད་པ་དེ་ལ་ཡང་མི་ཚེའི་རིན་ཐང་ཡོངས་སུ་གཞལ་བའི་ཆབ་རྒྱུན་འདྲེན་དགོས་ངེས་རེད་ལ། གསར་སྐྱེས་ཀྱི་བསམ་བློ་དེ་ཚོར་འཛམ་གླིང་འདིའི་ལྷིང་འཇགས་ཀྱི་ལྟ་ཚུལ་བཟང་པོ་རྣམས་ཀྱིས་རེ་འདོད་སྐོང་དགོས། དེང་སྐབས་ང་ཚོའི་སློབ་གྲྭ་ཁག་གི་ནང་བློ་གྲོས་ཁྱད་དུ་འཕགས་པའི་རླུང་ཁམས་བསྐྲུན་རྒྱུར་དོ་སྣང་མི་བྱེད་པར་མ་ཟད་ད་དུང་བཟོད་དཀའ་བ་དང་ཁྱད་གསོད་ཆེ་བའི་ཁོར་ཡུག་ཅིག་སྐྲུན་བཞིན་ཡོད། འདིས་ང་ཚོའི་བུ་ཕྲུག་རྣམས་ལ་དཀོན་མཆོག་གིས་གནང་བའི་ངོ་མཚར་ཅན་གྱི་ལག་རྩལ་དང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་རང་གཤིས་དེ་ཧམ་ཤེད་ཀྱིས་འཕྲོག་གི་ཡོད། དེ་ནི་མི་བུ་སྒེར་གྱི་འདོད་ཚུལ་ལ་ཁྱད་གསོད་བྱེད་པའི་སྒྲིག་གཞི་ཙམ་ཞིག་ལས་མ་འདས་ཤིང༌། ཐོན་སྐྱེད་གཅིག་ཁོ་ན་བསྐྲུན་པའི་བཟོ་གྲྭ་ལྟ་བུ་ཞིག་ཡིན། སློབ་གྲྭས་ང་ཚོར་བསྐྲུན་པ་ནི་ཡིད་ཀྱི་འཆར་སྒོའི་སྤྱི་སྙོམ་གྱི་ཐིག་སྲོང་པོ་ཞིག་ཡིན་ཞིང༌། ཐིག་དེ་བརྒྱུད་ནས་སློབ་གསོའི་ཡུར་བུ་ཞིག་འབྲུ་དགོས་ཀྱི་ཡོད། འོན་ཀྱང་མི་ཚེའི་ལམ་བུ་ནི་དེ་འདྲ་བའི་ཐིག་སྲོང་པོ་ཞིག་མིན་ཏེ། ཐིག་དེ་ཡོད་ཀྱང་ང་ཚོ་ནི་དཔྱངས་ཐག་ལ་རྩེད་རྒྱུར་དགའ་ཞིང་སློབ་གྲྭས་ཁ་རྡུང་གཏོང་སའི་བྱིས་པ་ཤ་སྟག་ཡིན། སློབ་གྲྭ་ལ་མཚོན་ན་དུས་སྐབས་བཟང་ཤོས་ནི་ཧ་ཅང་ཁུ་སིམ་མེར་འཆི་བ་ལྟ་བུར་གནས་པ་དང༌། ཆ་སྙོམས་ལ་མཛེས་ཤིང་སྟབས་བདེ་པོར་གནས་ན་འཐུས་པ་ཡིན། ང་རང་ཉིད་ལ་མཚོན་ན་འདི་ནི་སློབ་གྲྭར་འགྲོ་སྐབས་ཡིད་ཧ་ཅང་སུན་དགོས་པའི་རྒྱུ་རྐྱེན་ཡིན། ཡུད་ཙམ་ཞིག་ལ་ང་རང་གི་འཇིག་རྟེན་ངའི་གཡས་གཡོན་ནས་ཡལ་འགྲོ་བ་ཚོར་ཞིང༌། ང་ཚོར་ཐོབ་པའི་འཇིག་རྟེན་ནི་ཤིང་གི་རྐུབ་སྟེགས་ཡིན་ལ། ངའི་ངོ་གདོང་ན་ལོང་བའི་ཅེར་སྟངས་འདྲ་བའི་ཧ་ཅང་སྲོང་པོའི་གྱང་གིས་ཅེར་འདུག
   ཁོང་ཚོས་སྐྱོར་བའི་གཏམ་དཔེ་ནི་མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་འདོད་ལ་མཁས་མི་སྲིད། །ཅེས་པ་དེ་ཡིན། རྒྱུ་མཚན་འདིའི་དབང་གིས་ཕྲུ་གུ་རྣམས་ལ་སྒྲིག་ཆས་བསྐོན་ནས་ཡ་རབས་བཟང་སྤྱོད་ལྡན་པ་ཞིག་ཡོང་ཐབས་བྱས་ཏེ། རང་ཉིད་ལ་དབང་བའི་ལྷ་ཡུལ་དེ་དང་འཕྲད་ནས་དམྱལ་བའི་ཡུལ་དུ་འདྲེན་པ་རེད། དེར་བརྟེན་ངའི་བསམ་བློས་ཀྱང་ཧ་ཅང་དམ་པའི་སློབ་གྲྭའི་ཕྱི་ཐུམ་དེ་མི་གོན་ཐབས་མེད་བྱུང་ཞིང༌། དེ་ནི་དཔོན་རིགས་བུ་མོ་ཞིག་གི་འཇུར་རྟ་བདག་གི་རྐང་པར་གཡོགས་པ་ལྟར་སྣང་སྟེ། དུས་རྟག་ཏུ་ཕྱོགས་ཀུན་ནས་ཤ་གཅུས་བརྒྱབ་པ་དང་བརྡར་བཤུད་བྱེད་ཀྱི་འདུག འོན་ཀྱང་སྟབས་ལེགས་པ་ཞིག་ལ་དེ་འདྲའི་བག་ཆགས་དེ་ངའི་རྒྱུད་ལ་མ་འཇགས་གོང་ང་རང་གནས་སྟངས་དེ་ལས་བྲོས་ཐར་བྱུང་བ་རེད།
 
   ངས་ནི་ང་དང་འདྲ་བའི་མི་རྣམས་ཀྱིས་རང་ཉིད་ཤེས་རིག་ལྡན་པའི་སྤྱི་ཚོགས་ཤིག་ནང་ཞུགས་རྒྱུའི་ཆེད་མྱངས་པའི་ཉེས་ཆད་ཚང་མ་འཁུར་དགོས་བྱུང་མེད། འོན་ཀྱང་བཙན་གནོན་དེ་དག་ལས་ང་རང་རྦད་དེ་མ་ཐར་བ་དེ་ཡང་ཕྱོགས་གཅིག་ནས་དགའ་འོས་པ་ཞིག་རེད། གང་ཡིན་ཞེ་ན་བཙན་གནོན་དེས་མིའི་རིགས་ཀྱི་བུ་ཕྲུག་ཚོས་ནོར་འཁྲུལ་འདིའི་འོག་ཏུ་དཀའ་སྡུག་ཅི་འདྲ་མྱོང་བཞིན་པར་གོ་རྟོགས་སྐྱེ་རུ་འཇུག་གི་འདུག
 
   དེ་ལྟར་ཡོང་དགོས་པའི་རྒྱུ་རྐྱེན་ནི་མི་ཚོས་བྱིས་པར་སློབ་གསོ་སྤྲོད་སྟངས་དེ་དཀོན་མཆོག་གི་འདུན་པ་དང་རྒྱབ་འགལ་དུ་སོང་བས་རེད། ཚོང་ལས་གཉེར་བ་ནི་ང་ཚོ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་ཡིན་པས་གཞུང་ལས་ཁང་ནས་ཀྱང་རང་གི་དགོས་མཁོ་སྒྲུབ་ཆེད་དེ་དང་འཚམ་པའི་འཆར་གཞི་རེ་འདིང་གི་ཡོད། འོན་ཀྱང་གཞུང་ལས་ཁང་གི་བཀོད་སྒྲིག་དང་འཆར་གཞི་དེ་དཀོན་མཆོག་གི་དགོངས་པ་དང་འཚམ་པོ་ཡེ་ནས་མེད། མ་ཟད་བྱིས་པ་རྣམས་ནི་དཀོན་མཆོག་གི་བུ་ཕྲུག་ཤ་སྟག་གོ །
ང་ཚོ་འཇིག་རྟེན་འདིར་གནད་དོན་འདི་ཁས་ལེན་བྱེད་དུ་སྐྱེས་པ་ལས་གནས་ཚུལ་འདི་ཤེས་པའི་ཆེད་དུ་སྐྱེས་པ་མིན། ཤེས་ཡོན་སྦྱངས་ནས་ང་ཚོ་སྟོབས་ཤུགས་ཆེན་པོ་ཆགས་ངེས་ཡིན་ཡང་ང་ཚོར་ངེས་པར་བྱམས་བརྩེའི་བསམ་བློ་ཚད་མཐོན་པོ་ཞིག་དགོས་པ་ཡིན། ཤེས་ཡོན་གྱི་ཚད་མཐོ་ཤོས་ནི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཙམ་མིན་པར་རྒྱུན་གཏན་འགྲོ་བ་ཡོངས་དང་ལྷན་དུ་བདེ་འཇགས་ངང་འཚོ་ཐུབ་པ་བྱ་རྒྱུ་དེ་རེད། འོན་ཀྱང་ཚོར་འདུ་ཡོད་པའི་སློབ་གསོ་འདི་འཆར་གཞི་ལྡན་པའི་ངང་ཉམས་དམས་སུ་བཏང་བར་མ་ཟད་དེ་དང་ཁ་གཏད་དུ་ལང་བཞིན་ཡོད། ང་ཚོ་འཇིག་རྟེན་འདིར་སྐྱེས་པ་ནས་བཟུང་གོམས་གཤིས་དེ་འཇགས་སུ་བཅུག་ཅིང༌། ང་ཚོར་རང་བྱུང་ཁམས་དང་ཁ་ཐག་རིང་བའི་ཤེས་ཡོན་ཞིག་སློབ་པར་མ་ཟད། ང་ཚོའི་བསམ་བློ་དང་འཛམ་གླིང་གཉིས་འགལ་སྤྲོད་ཏག་ཏག་ལ་སྐྲུན་གྱི་ཡོད། དེས་ན་ང་ཚོར་མཁོ་བའི་སློབ་གསོའི་རྩ་དོན་ངོ་མ་དེ་སྣང་མེད་དུ་བཏང་ནས། དེའི་ཚབ་ལ་གནས་ཚུལ་མི་ཉུང་བ་ཞིག་མཁོ་འདོན་བྱས་ཏེ་ང་ཚོ་རང་ཉིད་ལ་དབང་བའི་འཇིག་རྟེན་དེ་བོར་དུ་འཇུག་གི་ཡོད། ང་ཚོས་བྱིས་པ་ཚོའི་འཇིག་རྟེན་བཅོམ་འཕྲོག་བྱས་ཏེ་དེའི་ཚབ་ལ་ས་ཁམས་རིག་པ་སློབ་པ་དང་ཁོང་ཚོའི་སྐད་ཡིག་ཕྲོགས་ཏེ་དེའི་ཚབ་ལ་བརྡ་སྤྲོད་སློབ་ཀྱི་ཡོད། ཁོང་ཚོས་ཉན་འདོད་པ་ནི་གཏམ་རྒྱུད་ཡིན་ཡང་དེའི་ཚབ་ཏུ་ལོ་ཚིགས་མང་བའི་ལོ་རྒྱུས་འཁྲིད་ཀྱི་ཡོད། ཁོང་ཚོ་ནི་མིའི་རིགས་སུ་སྐྱེས་ཀྱང་མིའི་རིགས་ཀྱི་འཚོ་བར་རོལ་དུ་མ་བཅུག་པར། ཉོན་མོངས་ཀྱི་འཁོར་བར་སྐྱེ་བའི་སྡིག་པ་གསོག་པར་ཉེས་ཆད་འགེལ་གྱི་ཡོད། བྱིས་པའི་རང་གཤིས་ཀྱིས་དཀའ་སྤྱད་འབད་བརྩོན་ངང་བར་ཆད་དེར་གདོང་ལེན་བྱས་ཀྱང་མཐར་ཁོང་ཚོར་ཉེས་རྡུང་དང་ཆད་པ་བཅད་ནས་ཁུ་སིམ་མེར་འདུལ་གྱི་ཡོད།
 
   འུ་ཅག་ཚང་མས་ཤེས་གསལ་བཞིན་བྱིས་པ་ནི་ཐལ་རྩེད་ལ་དགའ་བ་དང༌། ཁོང་ཚོས་མེ་ཏོག་ལ་དགའ་སྣང་བྱེད་པ་བཞིན་ཉི་མའི་འོད་ཟེར་དང་རླུང་བུ་སོགས་ལ་དེ་བཞིན་དུ་དགའ་སྣང་བྱེད་པ་ཡིན། ཁོང་ཚོ་དུས་ནམ་ཡང་འཇིག་རྟེན་ཁམས་དང་ཐད་ཀར་འབྲེལ་གྲོགས་བྱེད་པར་ཉོབ་སྣང་ཡེ་ནས་སྐྱེ་གི་མེད། ཡིད་ཕངས་པ་ཞིག་ལ་ཕ་མ་ཚོས་སྤྱི་ཚོགས་ཀྱི་ལུགས་སྲོལ་དང་རང་གི་གོ་མིང་ལ་བསམ་སྟེ་ཡིད་སྐྱོ་བའི་གོམས་གཤིས་འདིའི་འོག་ཏུ་འཚོ་བཞིན་ཡོད། འདི་འདྲའི་གནས་སྟངས་མང་པོ་ཞིག་ནི་བཅོས་ཐབས་ཧ་ཅང་དཀའ་བ་རེད། གང་ཡིན་ཞེ་ན་མི་ཕལ་མོ་ཆེས་ནི་གནས་སྟངས་ཁོ་ན་ལ་བལྟས་ནས་བསྡད་པ་དང་སྤྱི་ཚོགས་ཀྱི་ལུགས་སྲོལ་ཧ་ཅང་གཙིགས་ཆེར་འཛིན་གྱི་ཡོད་པས་རེད། འོན་ཀྱང་བྱིས་པའི་དུས་སྐབས་ནི་རང་དབང་མང་ཙམ་ཡོད་པ་དང་རང་དབང་མང་ཙམ་དགོས་པའི་དུས་སྐབས་ཤིག་ཡིན་ཞིང༌། རང་དབང་དེ་ནི་གུ་དོག་པའི་སྤྱི་ཚོགས་ཀྱི་མཐའ་མཚམས་དང་འཇིག་རྟེན་གྱི་ལམ་ལུགས་ལས་ཐར་བ་ཞིག་དགོས།
 
   ངས་གནས་ཚུལ་ཞིག་གསལ་པོར་དྲན་པར། ཐེངས་ཤིག་ངའི་སློབ་མ་ཞིག་གིས་རང་སྦྱོང་བྱེད་ཆེད་རང་ཉིད་ཤིང་སྡོང་སྟེང་འཛེགས་ནས་དེའི་ཐོག་གི་ཡལ་ག་མང་ས་ཞིག་ཏུ་བསྡད་པས། གནས་ཚུལ་དེ་ཉམས་མྱོང་མང་པོ་ཡོད་པ་དང་སྒྲིག་འཛུགས་ཧ་ཅང་ཡག་པོ་ཡོད་པར་གྲགས་པའི་དགེ་རྒན་ཆེན་མོ་ཞིག་གིས་མཐོང་སྟེ་ཧང་སངས་པ་དང་ཡིད་མི་བདེ་བ་ཆགས་སོང༌། སྐབས་དེར་ངས་”ཅི་སྟེ་ཤེས་དཔལ་རྒྱས་པའི་མི་ཞིག་ཡིན་ན་མི་ཚེའི་ནང་ཤིང་སྡོང་དང་རྐུབ་སྟེགས་གདམ་ག་བྱེད་རྒྱུ་ཡོད་པ་ནི་བྱིས་པའི་དུས་སྐབས་ཁོ་ན་ཡིན། ང་ཚོ་མི་རྒན་པ་རྣམས་ལ་གདམ་ག་དེ་མེད་པ་ལྟར་བུ་ཆུང་འདིའང་ཤིང་སྡོང་ནས་མར་འབབ་ཏུ་འཇུག་དགོས་སམ།”ཞེས་སྐད་ཆ་མ་དྲིས་ཐབས་མེད་བྱུང༌། ཧང་སངས་པ་ཞིག་ལ་དགེ་རྒན་ཆེན་མོས་སློབ་ཕྲུག་དེས་རྩི་ཤིང་རིག་པ་སློབ་སྦྱོང་བྱེད་པའི་རྒྱུ་མཚན་ལ་བརྟེན་ནས་ཤིང་སྡོང་ཐོག་སྡོད་ཆོག་པར་མོས་མཐུན་བྱས་སོང༌། ཁོང་གིས་མིའི་ཉམས་མྱོང་དང་འབྲེལ་མེད་ཀྱི་ཤིང་སྡོང་ཞིག་ལ་སློབ་སྦྱོང་བྱེད་པ་དང་དེ་ཡང་ཚན་རིག་སྦྱོང་གི་ཡོད་པའི་རྒྱུ་མཚན་ཞིག་མཐོང་བ་མ་གཏོགས་མི་རང་ཉིད་ཀྱི་ཉམས་མྱོང་གི་སློབ་སྦྱོང་ཞིག་ལ་བརྩི་ཡི་མེད། ཉམས་མྱོང་འདི་ལ་བརྟེན་ནས་བག་ཆགས་ཤིག་སྐྱེ་གི་ཡོད་ཅིང་དེ་ནི་རང་བྱུང་ཁམས་ཀྱིས་ང་ཚོར་ངོ་སྤྲོད་བྱས་པའི་ཐབས་ལམ་གྱི་འབྲས་བུ་ཞིག་ཡིན། བདག་གི་སློབ་ཕྲུག་ཚོར་མཚོན་ན་ཤིང་སྡོང་བརྟགས་པའི་སློབ་སྦྱོང་གང་འཚམ་ཞིག་ཐོབ་ཡོད། ཁོང་ཚོས་ཤིང་སྡོང་ལ་རེག་པ་ཙམ་གྱིས་སྡོང་པོ་གང་ཞིག་གི་ཐོག་ཏུ་རྐང་པ་བཞག་ན་འོས་པ་དང༌། ཡལ་ག་ཅི་ཙམ་ཞིག་གི་སྟེང་གུ་ཡངས་བྱེད་ན་འཚམས་པ། ལྕུག་ཕྲན་གང་ཙམ་ཞིག་གིས་གཟུགས་པོའི་ལྗིད་ཤུགས་ཅི་ཙམ་ཁྱག་པ་སོགས་ཀྱི་གནས་སྟངས་གསལ་པོར་ཤེས་ཀྱི་ཡོད། ངའི་སློབ་མ་ཚོས་སྡོང་པོ་ལས་སིལ་ཏོག་ལེགས་པོར་འཐུ་ཤེས་པ་དང༌། སྡོང་པོའི་སྟེང་དུ་ངལ་གསོ་བྱེད་པ་དང་ཉེན་ཁའི་སྐབས་སུ་སྡོང་གསེབ་ཏུ་ཡིབ་སྟངས་སོགས་ཤེས་ཀྱི་ཡོད། ང་རང་ཉིད་ལ་མཚོན་ན་ཤེས་རིག་ལྡན་པའི་གྲོང་རྡལ་གྱི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་བྱུང་རུང༌། ང་རང་གི་གོམས་གཤིས་རྣམས་རིམ་པས་འགྱུར་རྗེས་ང་ནི་རྩི་ཤིང་གང་ཡང་མེད་པའི་འཇིག་རྟེན་ཞིག་ཏུ་སྐྱེས་པ་ལྟ་བུའི་འཚོ་བ་ཞིག་ལ་རོལ་དགོས་བྱུང༌། རྒྱུ་མཚན་དེར་བརྟེན་ངས་རང་གི་བུ་སློབ་ཚོ་ཤིང་སྡོང་དང་མཉམ་དུ་འགྲོགས་རྒྱུ་ནི་ཤེས་ཡོན་གྱི་ཆ་ཤས་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་ལ། ང་ཚོའི་འཚོ་བ་ནི་ཤིང་སྡོང་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པར་ངེས་ཤེས་རྙེད་ཐབས་བྱེད་ཀྱི་ཡོད། དེ་བཞིན་ཤིང་སྡོང་གིས་ལྗང་རྫས་དང་ནག་རྫས་སྤྱད་ནས་སྲོག་རླུང་ཐོན་སྐྱེད་བྱས་པ་ཙམ་མིན་པར། ཤིང་སྡོང་ནི་སྲོག་དང་ལྡན་པ་ཞིག་ཡིན་པར་ར་སྤྲོད་ཐུབ་པ་བྱེད་ཀྱི་ཡོད།
 
   དོན་དམ་དུ་ང་ཚོའི་རྐང་མཐིལ་གཉིས་ནི་སའི་གོ་ལ་འདིའི་ཐོག་ལངས་ནུས་པ་དང་གོམ་པ་སྤོ་ཐུབ་པའི་ལག་ཆ་ཡག་ཤོས་ཤིག་རེད། འོན་ཀྱང་ང་ཚོས་ལྷམ་གྱོན་པའི་ཉིན་ཐོག་མ་དེ་ནས་བཟུང་ང་ཚོའི་རྐང་མཐིལ་གྱི་བེད་སྤྱོད་ཉུང་དུ་སོང་ཡོད། རྐང་མཐིལ་གྱི་འོས་འགན་ཉུང་དུ་སོང་བ་དང་ལྷན་དུ་དེའི་ཆེ་མཐོང་ཡང་རིམ་བཞིན་བརླགས་ཏེ། ད་ཆ་ང་ཚོས་རིན་གོང་དང་དབྱིབས། ཆ་ཚད་འདྲ་མིན་གྱི་རྐང་ཤུབས་དང་བསིལ་ལྷམ། འཇུར་རྟ་སོགས་ལ་བརྟེན་དགོས་ཀྱི་ཡོད་པས། དཀོན་མཆོག་གིས་ང་ཚོར་ཚོར་ཤེས་ལྡན་པའི་རྐང་མཐིལ་གྱི་ཚབ་ཏུ་རྨིག་པ་ཞིག་མ་གནང་བར་འཁང་ར་དྲག་པོ་བྱེད་པའི་དུས་ལ་བསླེབས་ཡོད།
 
   མིའི་རིགས་ཀྱིས་ལྷམ་རྩ་བ་ནས་བེད་སྤྱོད་མི་བྱེད་པར་ངས་རེ་བ་འཆང་གི་མེད། འོན་ཀྱང་ང་ཚོའི་བྱིས་པ་རྣམས་ཀྱིས་རང་ཉིད་ལ་རང་བྱུང་གིས་རིན་མེད་དུ་གནང་བའི་རྐང་མཐིལ་དེ་བེད་སྤྱད་མི་ཆོག་པར་ངས་བློ་རྩེ་བརྟན་པོས་ཁ་གཏད་གཅོག་ངེས་ཡིན། དོན་དངོས་སུ་ང་ཚོའི་རྐང་ལག་གི་རེག་བྱ་ནི་སའི་གོ་ལ་དང་ཆེས་བློ་ཐག་ཉེ་ཤོས་དང་གོམས་འདྲིས་ལྡན་པ་ཞིག་ཡིན། སའི་གོ་ལར་རང་ཉིད་ཀྱི་འབུར་ཀོང་ལ་སྒྲ་དབྱངས་དཀྲོལ་མཁན་གྱི་ཆེས་དགའ་ས་དང་འོ་བྱེད་མཁན་གཅིག་རང་ཡོད་པ་ནི་རྐང་པ་ཡིན།
 
  བདག་གིས་སླར་ཡང་བཟོད་གསོལ་ཞུ་དགོས་པ་ཞིག་ལ། ང་ནི་ཆུང་དུས་ནས་རྐང་པ་དམར་རྗེན་མ་ཐལ་རྡུལ་དང་རེག་མི་བཅུག་ཅིང་ཁྱིམ་གྱི་འཚོ་བ་ཁོ་ནའི་འོག་ནར་སོན་པ་ཞིག་ཡིན། ངས་རང་གི་སློབ་བུ་ཚོས་རྐང་རྗེན་མར་ས་ཐོག་ཏུ་བསྐྱོད་པ་དང་འགྲན་ཟླ་བྱེད་དུས། ངའི་རྐང་པ་དང་སའི་དབར་ཆེས་མཐུག་པའི་བར་ཁྱད་ཞིག་ཡོད་པ་ཡིད་གདུང་དྲག་པོས་ངེས་ཤེས་རྙེད་བྱུང༌། ངས་རྐང་བཙུགས་ནས་ཚེར་མའི་ཐོག་བསྐྱོད་ཅིང་དེའི་ཐོག་ནས་དགའ་བདེའི་ཚོར་སྣང་ཞིག་རྙེད་ཐབས་བྱས། འོན་ཀྱང་བདག་གི་རྐང་པར་བཟོད་བསྲན་ཕྲ་མོ་ཙམ་ཞིག་ཀྱང་བཟོད་པའི་ནུས་པ་བྲལ་འདུག ཆེས་ས་ཁོད་སྙོམས་པའི་སའི་གོ་ལའི་ངོ་གདོང་རེ་རེ་ནའང་དེའུ་འབུར་དང་ལུང་གཤོང་གི་མཛེས་རྐོང་རེ་ཡོད་པ་ནི་སློབ་གསོ་ཐོབ་པའི་རྐང་པའི་རྣམ་དཔྱོད་ཁོ་ནས་རྟོགས་ཐུབ། དུས་རྒྱུན་ངས་ཆེས་སྙོམས་པའི་ཞིང་ཐང་དུའང་དོན་མེད་གྱ་གྱུ་མང་བའི་རྐང་ལམ་ཆགས་པར་ཡ་མཚན་ཡང་ཡང་སྐྱེ་གི་ཡོད། དེ་བས་རྐང་ལམ་དེ་དག་ནི་མི་སྒེར་ཞིག་གི་གློ་བུར་གྱི་བསམ་བློ་ལས་བྱུང་བ་ཞིག་མིན་པ་ཤེས་དུས་ལྷག་པར་མགོ་འཐོམས་ཀྱི་འདུག ཅི་སྟེ་ལམ་འགྲོ་བ་དེ་དག་ལ་གཅིག་གྱུར་གྱི་སྤྱོད་ཚུལ་ཡ་མ་ཟུང་ཞིག་མེད་ཚེ་རྐང་ལམ་གཏན་ཁེལ་དེ་འདྲ་ཞིག་ཆགས་མི་སྲིད་པར་ཐེ་ཚོམ་བྲལ། འོན་ཀྱང་རྒྱུ་རྐྱེན་ངོ་མ་ནི་སའི་གོ་ལས་འུ་ཅག་གི་ཚོར་འདུ་བྲལ་བའི་རྐང་པའི་འདེགས་འཇོག་ལ་བརྡ་སྟོན་བྱས་པ་ཞིག་ཡིན། སའི་གོ་ལ་དང་མིའི་བར་གྱི་འབྲེལ་ལམ་མ་བརླགས་པའི་མི་ཞིག་ལ་མཚོན་ན་རང་ཉིད་ཀྱི་རྐང་པའི་ཤ་གནད་ཀྱིས་ཆེས་མྱུར་མོར་གོམས་འདྲིས་བྱེད་ཐུབ་ལ་མ་མཐར་ཡང་བརྡ་ཞིག་སྟོན་ཐུབ། དེ་ལྟ་བུའི་རྐང་པས་ཚེར་མའི་ན་ཟུག་སོགས་ལས་གཡོལ་ཐུབ་ལ། ཅི་སྟེ་ཚེར་མ་དང་ལམ་འབར་འབུར་ཐོག་གོམ་པ་སྤོས་ཀྱང་མི་བདེ་བའི་ཚོར་སྣང་ཧ་ཅང་ཉུང། ལག་ལེན་གྱི་ཐོག་ནས་ང་ཚོའི་རྐང་པར་ལྷམ་གྱོན་དགོས་པ་དང༌། སྣུམ་ནག་གི་གཞུང་ལམ་བསྐྲུན་པ། རླངས་འཁོར་སོགས་དགོས་ཀྱི་ཡོད་པ་ངས་གསལ་པོར་ཤེས་ཀྱི་ཡོད། འོན་ཀྱང་བྱིས་པ་ཚོས་ཤེས་ཡོན་སྦྱོང་བའི་གནས་སྐབས་སུ་འཇིག་རྟེན་འདི་རི་མོ་འབྲི་སའི་འཛིན་ཁང་ལྟ་བུ་ཞིག་མིན་པ་དང༌། རང་གི་མཛེས་སྡུག་ལྡན་པའི་རྐང་པ་དེར་ལོངས་སུ་སྤྱོད་བྱེད་ཀྱི་རང་བྱུང་ཁམས་ཤིག་ཡོད་པའི་ར་སྤྲོད་བྱས་ན་མི་ཆོག་གམ།
 
   བདག་གི་སློབ་གྲྭར་འཚོ་བ་རྒྱས་སྤྲོས་མི་བྱེད་པར་སྟབས་བདེ་བྱེད་དགོས་པའི་འདོད་ཚུལ་འཛིན་བཞིན་ཡོད་པས། སྐྱེ་བོ་མང་པོས་དུས་རབས་བར་མའི་དབུལ་ཕོངས་ཀྱི་འཚོ་བའི་གནས་སྟངས་ལ་ཕུགས་བསམ་གྱི་ལྟ་ཚུལ་འཛིན་བཞིན་འདུག་ཅེས་བརྗོད་མཁན་འདུག སློབ་གསོ་རིག་པའི་ངོས་ནས་བརྗོད་ན་དབུལ་ཕོངས་ངོས་འཛིན་བྱེད་སའི་གནས་དམ་པ་དེ་སློབ་གྲྭ་མ་ཡིན་ནམ། གང་ཡིན་ཞེ་ན་མི་ཞིག་གི་སློབ་ཚན་ཐོག་མ་དང་སྦྱོང་བརྡར་ཐོག་མ་ཐོབ་ས་ནི་སློབ་གྲྭ་རེད། སྒོར་མོ་ས་ཡ་མང་པོ་ཡོད་པའི་ཕྱུག་པོའི་བུ་ཕྲུག་ཡིན་ཡང་ཐོག་མར་སྐྱེས་དུས་གང་ཡང་མི་ཤེས་པའི་དབུལ་ཕོངས་ཏེ་མི་ཚེའི་སློབ་ཚན་ཐོག་མ་ནས་འགོ་འཛུགས་དགོས་ཀྱི་ཡོད། ཁོ་པར་རྐང་པར་བརྟེན་མི་དགོས་པའི་རྒྱུ་ནོར་ཡོད་ཀྱང་ཆེས་དབུལ་ཕོངས་ཀྱི་བུ་ཕྲུག་ལྟར་གོམ་པ་རྒྱག་སྟངས་སྦྱང་དགོས་ཀྱི་ཡོད། དབུལ་ཕོངས་ཀྱི་འཚོ་བ་དངོས་དང་འཇིག་རྟེན་གྱི་གནས་ལུགས་ངོ་མ་རྟོགས་ཤིང༌། རྒྱས་སྤྲོས་ཀྱིས་དོན་དངོས་དང་མི་འཚམ་པའི་འཚོ་བ་ཞིག་སྐྱེལ་དགོས་ཀྱི་ཡོད། འཚོ་བ་རྒྱས་སྤྲོས་བྱེད་ན་རང་ཉིད་ཀྱི་སྤྲོ་སྣང་དང་སྤོབས་པར་དགེ་མཚན་ཡོད་ངེས་ཀྱང་ཤེས་ཡོན་སྦྱོང་བར་དགེ་མཚན་མེད། རྒྱུ་ནོར་ནི་གསེར་གྱི་ལྕགས་ཁྲའམ་བྱེའུ་གཟེབ་ལྟ་བུ་སྟེ་དེའི་ནང་ཕྱུག་པོའི་བུ་ཕྲུག་རྣམས་ལྷན་སྐྱེས་ཀྱི་གསོན་ཤུགས་བསྐྱེད་པར་གསོ་སྐྱོང་བྱེད་ཀྱི་མེད། རྒྱུ་མཚན་འདིའི་དབང་གིས་འཚོ་བ་རྒྱས་སྤྲོས་ལ་ཞེན་ཆགས་ཉུང་བའི་བདག་གི་སློབ་གྲྭའི་ནང་ཕྱི་དངོས་པོའི་མཐུན་རྐྱེན་ཉུང་ཙམ་སྤྱོད་དུ་བཅུག་ནས། ངོ་མཚར་ཆེ་བའི་དགེ་རྒན་བཟང་པོ་འདི་དང་འཕྲད་དུ་བཅུག་གི་ཡོད། དེ་ནི་ངེད་ཅག་ཕོངས་དྲགས་ནས་མིན་པར་མི་སྒེར་སོ་སོར་འཇིག་རྟེན་གྱི་ཉམས་མྱོང་རེ་ཐོབ་པའི་ཆེད་དུ་ཡིན་ནོ། །
 
   ང་རང་སློབ་ཕྲུག་ཡིན་པའི་སྐབས་ལུས་སེམས་ལ་དཀའ་སྡུག་ཆེན་པོ་ཡོད་པ་གཅིག་ནི་སློབ་གྲྭའི་ནང་ཆ་ཚང་བའི་འཇིག་རྟེན་ཞིག་མེད་པ་དེ་རེད། དེ་ནི་སློབ་ཚན་ཁོ་ན་ཙམ་སློབ་པར་ཆེད་དུ་བཀོད་སྒྲིག་བྱས་པ་ལྟ་བུ་ཞིག་རེད། ལོ་ན་རྒན་པའི་མི་རྣམས་ལ་མཚོན་ན་གནས་སྟངས་དེ་རན་པོ་ཡོད་ངེས། གང་ཡིན་ཞེ་ན་ཁོང་ཚོས་དེ་ལྟ་བུའི་སློབ་གྲྭ་ཞིག་དགོས་པར་བསམ་ཤེས་ཐུབ་ངེས་རེད་ལ་མི་ཚེ་དང་ཡ་བྲལ་བའི་སློབ་གཞི་དེ་འདྲ་ཞིག་དང་དུ་ལེན་འདོད་ཀྱང་ཡོད་ངེས་རེད། འོན་ཀྱང་བྱིས་པ་ཚོ་ནི་རང་གི་འཚོ་བར་དགའ་ཞིང་དེ་ནི་ཁོའི་ཆེས་ཐོག་མའི་བརྩེ་དུངས་ཡིན། འཚོ་བའི་ཁ་དོག་རེ་རེ་དང་འགུལ་སྐྱོད་རེ་རེས་ཁོང་ཚོའི་ཡིད་སེམས་ཡོངས་སུ་འཕྲོག་གི་ཡོད། ང་ཚོ་སུ་ཞིག་ལ་བརྩེ་དུངས་རྣལ་མ་འདི་དབུགས་སུབ་གཏོང་བའི་ཡིད་འཕེར་བའི་རྣམ་དཔྱོད་ཚད་ལྡན་ཞིག་ཡོད་དམ། བྱིས་པ་རྣམས་ནི་དགོན་པའི་བཅའ་ཁྲིམས་ལྟ་བུའི་ཤེས་ཡོན་ཞིག་ཐོབ་ཆེད་ཚངས་སྤྱོད་པ་བྱེད་པར་སྐྱེས་པ་མ་རེད། ཐོག་མར་ཁོང་ཚོ་རང་ཉིད་ཀྱི་མི་ཚེར་བཅངས་པའི་བརྩེ་དུངས་ལས་ཤེས་ཡོན་འཇགས་ཐབས་བྱེད་དགོས་པ་དང༌། དེ་རྗེས་ཤེས་ཡོན་ཐོབ་པའི་ཆེད་དུ་ཁོང་ཚོ་རང་ཉིད་ཀྱི་མི་ཚེ་བློས་གཏོང་བྱེད་ངེས། ཤེས་ཡོན་གྱི་འབྲས་བུ་གང་འཚམ་ཞིག་ཐོབ་རྗེས་ཁོ་ཚོ་སླར་ཡང་རང་གི་འཚོ་བ་དངོས་ནང་ཕྱིར་ཡོང་ངེས་ཡིན།
 
   འོན་ཀྱང་སྤྱི་ཚོགས་ཀྱིས་སྒྲོམ་གཞི་བྱེ་བྲག་པ་ཞིག་བཟོས་ཏེ་གཡོ་བྱུས་ཀྱི་ལམ་ནས་མི་སེམས་འགུག་ཐབས་བྱེད་ཀྱི་ཡོད། དེ་འདྲའི་སྒྲོམ་གཞི་དེ་ནི་ཆེས་ཚགས་དམ་པ་དང་རང་བྱུང་ཁམས་དང་ཁ་ཐག་ཉེ་པོ་བྱེད་པར་བཀག་རྒྱ་ཡོད་པ་ཞིག་ཡིན། གལ་ཏེ་སྐྱེ་བོ་སུ་ཞིག་གིས་སྒྲོམ་གཞི་དེ་དང་བྲལ་ནས་གུ་ཡངས་ཕྲན་ཙམ་ཐོབ་ཐབས་བྱས་ན་དེ་ལ་དཔགས་པའི་ཉེས་ཆད་གོ་རིམ་བསྒྲིགས་ནས་ཡོད་ལ། ཐ་ན་རང་གི་ཚེ་སྲོག་སྲུང་སྐྱོབ་བྱེད་པར་ཡང་སྒྲོམ་གཞི་དེ་དང་བསྟུན་དགོས་པ་ཡིན། རྒྱུ་མཚན་དེས་ཕྱོགས་གཅིག་ནས་བདེན་པ་ར་སྤྲོད་བྱེད་པ་དང་གཉིས་ནས་ང་ཚོ་དང་ཡོངས་སུ་འགལ་སྤྲོད་དུ་གནས་པའི་ལུགས་སྲོལ་དེ་དག་ལག་བསྟར་བྱེད་ཀྱི་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ངས་རང་ཉིད་ཀྱི་བུ་ལའང་ཤེས་ཡོན་སྤྲོད་སྐབས་དཀའ་ངལ་དུ་མ་འཕྲད་ཀྱིན་འདུག གང་ཡིན་ཞེ་ན་དོན་དངོས་ལག་ལེན་ལ་འགེལ་ཐུབ་པའི་ཐབས་ལམ་ཞིག་ཧ་ཅང་རྙེད་ཁག་པོ་འདུག དེར་བརྟེན་ངས་ཆེས་ཐོག་མར་བདག་གི་བུ་ཆུང་འཁྲིད་དེ་གྲོང་རྡལ་ནས་གྲོང་གསེབ་ཀྱི་ཕྱོགས་སུ་ལྟ་སྐོར་བྱེད་བཅུག་པ་དང༌། དེང་གི་དུས་སྐབས་སུ་རང་བྱུང་ཁོར་ཡུག་གི་དཔལ་ཡོན་ཅི་ཙམ་ལྷག་ཡོད་པ་དེར་གང་དགའ་ཅི་འདོད་ཀྱིས་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་དུ་བཅུག ཁོས་ཉེན་ཁ་དང་རྒན་རབས་ཚོའི་བཀག་རྒྱ་གང་ལའང་མི་ལྟ་བར་གཙང་ཆུར་རྐྱལ་རྩེད་བྱེད་པ་དང༌། ཞིང་ཁ་དང་བྱེ་ཐང་ཐོག་རྩེད་མོ་ཡུན་རིང་རྩེད་དེ། མཐར་དུས་ཚོད་ཕྱི་པོ་ཆགས་སྐབས་གཞི་ནས་ཁྱིམ་དུ་ལོག་སྟེ་དྲི་བ་ཙམ་ཡང་མེད་པར་དགོང་ཟས་ཟ་རུ་འོང༌། སྤྱི་ཚོགས་ཀྱི་ལུགས་སྲོལ་གྱིས་དེ་འདྲའི་འདོད་ཡོན་ལ་ལོངས་སུ་སྤྱོད་དབང་མེད་པར་མ་ཟད། ཁོ་དང་འདྲ་བའི་བྱིས་པ་རྣམས་ཀྱིས་ངེས་པར་དུ་བྱེད་སྟངས་དེ་ཚོ་འཛེམ་ཆར་འཛིན་དགོས་ཀྱི་ཡོད། དེ་འདྲའི་སྤྱོད་ཚུལ་ཞིག་མཐོང་ན་བུ་ཕྲུག་དེར་ཡ་ང་བར་མ་ཟད་ཁོའི་ཕ་མ་གཉིས་ལ་སྤྱི་ཚོགས་ཀྱི་སྒྲིག་གཞིས་ཡོངས་སུ་བཅུན་པའི་མི་རྣམས་ཀྱིས་ལེ་འདེད་བྱེད་ངེས་ཡིན། འོན་ཀྱང་བྱིས་པ་རྣམས་ལ་འདོད་ཡོན་དེ་དག་ནི་རྡོག་ཁྲེས་ལྕི་མོ་ཞིག་རེད། རྡོག་ཁྲེས་དེ་དག་ནི་མི་གཞན་དག་གི་གོམས་གཤིས་དང༌། ཁོ་ཚོའི་ཕ་མ་རྣམས་ཀྱིས་ཆེ་མཐོང་དང་སྤྲོ་སྣང་སྣ་ཚོགས་བྱེད་སའི་རྡོག་ཁྲེས་ཤིག་རེད།
 
   གང་ལྟར་ཡང་ཐོན་ཁུངས་ཉུང་བའི་མི་སྒེར་རང་ཉིད་ལ་མཚོན་ན། ང་རང་སྒེར་གྱི་འཆར་གཞིར་དཔགས་པའི་ཤེས་ཡོན་སྤྲོད་ཐབས་ཤིག་བེད་སྤྱད་པ་ཡིན། ངའི་བུ་ཆུང་ལ་འགུལ་སྐྱོད་ཀྱི་རང་དབང་ཅུང་ཟད་ཡོད་པས། ཁོས་རང་ཉིད་དང་རང་བྱུང་ཁོར་ཡུག་གི་་་་་དབར་འབྲེལ་ལམ་ཅི་ཞིག་ཡོད་པ་ཚོར་ཐུབ་པར་མ་ཟད། ང་ལས་ཆེས་ལྷག་པར་འཇིག་རྟེན་ཁམས་ལ་གོམས་འདྲིས་ཐོབ་ཡོད། དེས་ངའི་སེམས་ལ་ཡང་གཞན་དང་མི་འདྲ་བའི་སྦྱོང་བརྡར་ཞིག་ཐོབ་བྱུང༌།
 
  ཤེས་ཡོན་སློབ་པའི་དགོས་པ་ནི་མི་རྣམས་ལ་བདེན་པའི་དོན་དམ་རྙེད་པར་བྱ་རྒྱུ་དེ་ཡིན། ཆེས་གདོད་མའི་དུས་སྐབས་སུ་འཚོ་བ་སྟབས་བདེ་ཡིན་པས་མི་རྣམས་ཀྱི་འབྱུང་ཁམས་ནི་ཞི་བདེའི་ངང་གནས་ཡོད། འོན་ཀྱང་དབང་པོ་དང་སེམས་ཀྱི་ཤེས་སྟོབས་གཉིས་ལོགས་སུ་འབྱེད་པའི་དུས་སྐབས་བྱུང་མཚམས་སློབ་གྲྭའི་སློབ་གསོས་སེམས་ཀྱི་ཤེས་སྟོབས་གཅིག་པུ་གཙོ་ཆེར་བཟུང་ནས་དབང་པོའི་ཤེས་སྟོབས་ལ་སྣང་མེད་བཏང་བ་རེད། ང་ཚོས་བྱིས་པར་གནས་ཚུལ་མཁོ་འདོན་བྱེད་རྒྱུ་ཁོ་ན་གཙིགས་ཆེར་བཟུང་ནས། དབང་པོ་དང་སེམས་ཀྱི་ཤེས་སྟོབས་དབར་ཧེ་བག་ཆེན་པོ་ཞིག་བཟོས་ཡོད་པར་དོ་སྣང་བྱུང་མེད།


No comments:

Post a Comment