Friday, May 31, 2013

སློབ་གསོའི་སྐོར་གྱི་གཏམ་གླེང་ཐོར་བུ།
ཆན་ལི་ཆུན།
རྣོ་སྦྲེང་གིས་བསྒྱུར།
   པེ་ཅིན་སློབ་ཆེན་གྱི་སྙན་གྲགས་རྒྱས་པའི་སློབ་དཔོན་ཆེན་མོ་ཆན་ལི་ཆུན་ལགས་ནི་དེང་རབས་རྩོམ་རིག་དང་ལུའུ་ཞུན་ཞིབ་འཇུག་གི་ཕྱོགས་ནས་ཡོན་ཚད་མཐོན་པོ་ཡོད་པའི་ཁར་སློབ་གསོའི་ལས་དོན་ལ་ཡང་འཇུག་གིན་ཡོད་ལ། ནང་སྒོས་སུ་ཞིང་ལས་སློབ་གསོ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཐད་ལ་ཐུགས་མཉམ་ཟབ་མོ་གནང་མཁན་ཞིག་ཡིན། ལས་འཁྱུར་ངལ་གསོ་གནང་རྗེས། ཁོང་གིས་དཀའ་ངལ་གང་མང་ཁྱད་དུ་བསད་དེ་རྨང་གཞིའི་སློབ་གསོའི་ཕྱོགས་ལ་བརྟག་དཔྱད་ཞིབ་འཇུག་དང་གཏམ་བཤད་སློབ་ཁྲིད་ཀྱི་ལས་ཀ་སྣ་ཚོགས་བྱ་བཞིན་ཡོད། 《ངའི་དགེ་རྒན་གྱི་རྨི་ལམ》ནི་སྐུ་ཞབས་ཆན་ལགས་ཀྱིས་སློབ་གསོའི་གནད་དོན་སྐོར་གྱི་གཏམ་བཤད་ཕྱོགས་བསྒྲིགས་རེད། དཔེ་དེབ་དེ་ལས་སྐུ་ཞབས་ཆན་ལགས་ཀྱིས་སློབ་གསོར་བཅངས་པའི་ལྷག་བསམ་ང་ཚོས་མཐོང་ཐུབ།
གཅིག སློབ་གྲྭ་ཆུང་འབྲིང་གི་སློབ་གསོ།
སློབ་གྲྭ་ཆུང་འབྲིང་ནི་ཅི་ཞིག་རེད། ཡང་ན་སློབ་འབྲིང་གི་ཕན་ནུས་ནི་ཅི་ཞིག་རེད། སློབ་གྲྭ་ཆུང་འབྲིང་དང་སློབ་ཆེན་གྱི་ཁྱད་པར་ཡང་གང་ན་ཡོད། འདི་ནི་སྐུ་ཞབས་ཆན་ལགས་ཀྱི་དཔེ་དེབ་དེའི་ནང་གི་འདྲི་གཞི་གཅིག་རེད། གཤམ་དུ་ཁོང་གིས་གནད་དོན་འགའ་བརྒྱུད་ནས་དེའི་གལ་ཆེན་རང་བཞིན་བརྗོད་ཡོད་དེ།
 
དང་པོ། འཚར་ལོངས་ཀྱི་མཛེས་པ་དང་འཚར་ལོངས་ཀྱི་ཐོབ་ཐང་སྲུང་བ།
 
འཚར་ལོངས་ཞེས་པར་འཚར་ལོངས་ཀྱི་མཛེས་པ། འཚར་ལོངས་ཀྱི་སྣང་བ། འཚར་ལོངས་ཀྱི་ཐོབ་ཐང་སོགས་ཀྱི་དོན་འདུས། དེ་ཡང་ནར་སོན་པའི་གོ་རིམ་ནི་མ་གཞི་ནས་འཚར་ལོངས་ཀྱི་མཛེས་པ་དང་འཚར་ལོངས་ཀྱི་སྣང་བའི་འགྱུ་བ་ཞིག་རེད་ལ། འགྱུ་བ་དེ་ནི་གཞན་གྱི་མིག་ལམ་དུ་མེ་ཏོག་བཞད་པ་ལྟར་ཡི་གར་འོང་བ་ཞིག་ཡིན་ཀྱང་། ནར་སོན་གྱིན་པའི་རང་ཉིད་ལ་མཚོན་ན་འབུ་སྲིན་ཕྱེ་ལེབ་ཏུ་འགྱུར་བ་ལྟ་བུ་ཞིག་དང་བྱེའུ་ཕྲུག་གིས་སྒོང་ཤུན་རྟོལ་བ་ལྟ་བུའི་སྡུག་བསྔལ་དང་འཕག་འཚག་གི་གོ་རིམ་ཞིག་རེད། གོ་རིམ་དེའི་ཁྲོད་དུ་བྱིས་པ་ཚོར་ལྷན་སྐྱེས་ཀྱི་ཐོབ་ཐང་ཞིག་ཡོད་པ་ནི། མཚར་སྣང་དང་འཚོལ་དཔྱོད། གསར་རྙེད་ཀྱི་ཐོབ་ཐང་དང་རང་དབང་དུ་ནར་སོན་པའི་ཐོབ་ཐང་། སྤྲོ་དགའི་ངང་འཚོ་བ་སྐྱེལ་བའི་ཐོབ་ཐང་བཅས་ཡོད་པ་དེ་རེད། འོན་ཀྱང་ང་ཚོ་དར་མ་རྣམས་དང་ལྷག་པར་དུ་སློབ་གསོའི་ལས་ཀ་གཉེར་མཁན་གྱིས་ཀྱང་ཁོ་ཚོའི་ཐོབ་ཐང་དེ་དག་སྣང་མེད་དུ་བསྐྱུར་ཡོད་པ་རེད།
 
གཉིས་པ། ལང་ཚོའི་གཟི་ཉམས་སྐྱེད་སྲིང་།
 
ཧྥ་རན་སིའི་རྩོམ་པ་པོ་ཞི་ཧའེ་ཏི་ཡིས་ན་གཞོན་གྱི་དུས་སྐབས་སུ་མི་མང་པོ་ཞིག་ལ་སེང་གེ་ལྟ་བུའི་དཔའ་སེམས་ཡོད་ཀྱང་། བསམ་ཤེས་ཆགས་རྗེས་ཚང་མས་བྱི་བ་ལྟར་འཚོ་བ་སྐྱེལ་བཞིན་ཡོད། ན་གཞོན་གྱི་དུས་སུ་ངོ་རྒོལ་གྱི་སེམས་ཁམས་དང་ཚོར་ཤེས་སྐྱེན་པ་མིའི་གཤིས་སུ་གྲུབ་ཡོད་ཀྱང་། ནར་སོན་རྗེས་ལྡོག་སྟེ་གཉའ་ཆག་གཤིས་དུལ་དུ་འགྱུར་བ་རེད། དེའི་རྐྱེན་གྱིས་ན་གཞོན་དང་ལང་ཚོ་ལ་གོང་བཀུར་བྱེད་དགོས་པའི་ལྟ་ཚུལ་འདོན་དགོས་ཤིང་། ལང་ཚོ་དེ་ཉིད་ལ་རིན་ཐང་རིགས་ཤིག་ལྡན་པ་ཁས་ལེན་བྱེད་དགོས། དེར་མ་ཟད། རིན་ཐང་དེ་ནི་རྟག་བརྟན་གྱི་རིན་ཐང་ཞིག་ཡིན་པ་ཡང་ཤེས་དགོས།
 
ལང་ཚོའི་གཟི་ཉམས་ནི་ཅི་ཞིག་རེད། དེ་ནི་བདེན་དགེ་མཛེས་གསུམ་གྱི་འཚོལ་སྙེག་ཅིག་རེད། དེ་ནི་ལས་དོན་ཡོད་ཚད་ལ་དགའ་ཞེན་མཆིས་ཤིང་རང་བྱུང་འཇིག་རྟེན་ལ་སེམས་ཁུར་མངའ་བ། གསང་བ་ཡོད་ཚད་ལ་མཚར་སྣང་འཛིན་པའི་སྐྱེས་སྟོབས་ཀྱི་དཔལ་རྫོགས་པ་ཞིག་ཡིན་མཆི། དེ་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་ཉམས་པ་མེད་པའི་བློ་གྲོས་ལྡན་དགོས་ལ། ནམ་ཡང་དངོས་ཡོད་ལ་ཚིམ་མདོག་གིས་མགོ་མི་སྒུར་བར་དགག་སྒྲུབ་དང་གསར་གཏོད་ཀྱི་བློ་མིག་གིས་བལྟ་བའི་སྙིང་སྟོབས་དགོས། གོ་སླ་མོའི་སྒོ་ནས་བཤད་ན། སྒེར་ཚུགས། རང་དབང་། དགག་སྒྲུབ། གསར་གཏོད། འདི་དག་ནི་ལང་ཚོའི་གཟི་ཉམས་དང་ཁྱད་ཆོས་ཡིན། དེ་ལྟ་ན། དགེ་རྒན་གྱི་འགན་ནུས་ནི་གཅིག་ཏུ་བྱིས་པའི་དྭངས་གཤིས་ལ་སྲུང་འགེབས་བྱེད་པ་དང་། གཉིས་སུ་ལང་ཚོའི་གཟི་ཉམས་སྐྱེད་སྲིང་བྱེད་རྒྱུ་དེ་རེད།
གསུམ་པ། རིག་གནས་ཀྱི་འཇུག་སྒོར་འཁྲིད་པ།
 
མི་ཡི་འཚོ་བ་ལ་རིགས་གཉིས་ཡོད་དེ། ཐུན་མོང་གི་འཚོ་བ་དང་ཐུན་མིན་གྱི་འཚོ་བའོ།། ཐུན་མོང་གི་འཚོ་བ་ནི་རྒྱུན་ལྡན་གྱི་འཚོ་བ་སྟེ་རྒྱུན་ལྡན་གྱི་འགྲོ་འདུག་ཉལ་འཆག་གི་གོ་རིམ་ཞིག་དང་། ཐུན་མིན་གྱི་འཚོ་བ་ནི་དེ་དག་ལས་བརྒལ་བའི་ནང་བསམ་པའི་འཚོ་བ་རེད། ཕུན་སུམ་ཚོགས་པའི་ཐུན་མིན་འཚོ་བ་ཞིག་སྐྲུན་པར་བྱེད་པའི་ཐབས་ལམ་གཙོ་བོ་ནི་སློབ་མར་དཔེ་ཆ་ཀློག་ཏུ་འཇུག་རྒྱུ་དེའོ།། དགེ་རྒན་གྱི་འགན་འཁྲི་ནི། སློབ་མ་ཚོའི་ལག་པར་འཇུས་ནས་རླབས་ཆེན་གྱི་མི་བོ་ཆེ་དག་གི་ཉེ་སར་འཁྲིད་དེ། ཁོ་ཚོར་ལོ་རྒྱུས་གསར་གཏོད་བྱེད་མཁན་གྱི་མི་དང་མ་འོངས་གསར་སྐྲུན་བྱེད་མཁན་གྱི་མི་དང་གླེང་མོལ་བྱེད་དུ་འཇུག་པ་དེ་རེད། གོང་དུ་གླེང་བའི་མདོ་རྩ་ནི། མིའི་རིགས་ཀྱི་བསམ་པའི་འཇིག་རྟེན་ཞིག་བསྐྲུན་རྒྱུ་ནི་གལ་ཆེ་ལ། སློབ་འབྲིང་དགེ་རྒན་ནི་ཏག་ཏག་བསམ་པའི་འཇིག་རྟེན་དེའི་བཟོ་སྐྲུན་མཁན་ཡིན་པར་མ་ཟད་དེའི་མཚོན་བྱེད་ཀྱང་ཡིན་པ་དེའོ།།
གཉིས། ཞིང་གྲོང་གི་སློབ་གསོ། 
ང་ཚོའི་ཞིང་གྲོང་སློབ་གསོ་ཡང“གྲོང་ཁྱེར་དཀྱིལ་སྙིང་ཡིན”པའི་རྗེས་སུ་སྙེག་གིན་འདུག “རིམ་འཕར་སློབ་གསོ”ནི་ད་ལྟའི་སློབ་གསོའི་དཔེ་མཚོན་དུ་གྱུར་ཡོད་ཅིང་། དེའི་དམིགས་འབེན་ཉག་གཅིག་ནི་སློབ་རིམ་འཕར་བ་དེ་ཡིན་པས་འཚོ་བ་ལ་བར་ཐག་རིང་བ་དང་ན་ཆུང་དག་གཉོམ་ལག་རྒྱས་པ་ལ་ཡང་ཁ་ཐག་གྱེས་ཡོད་པས། དེ་ནི་ཞིང་གྲོང་གི་འཚོ་བར་འབྲེལ་བ་ཅི་ཡང་མེད་པར་མ་ཟད་ཀྲུང་གོའི་ཞིང་གྲོང་གི་དངོས་ཡོད་དང་ཡང་འབྲེལ་ཐག་ཆད་འདུག ཐ་ན་ཚད་ངེས་ཅན་ཞིག་གི་སྟེང་ནས་ཀྲུང་གོའི་གནས་ཚུལ་སྤྱི་དང་ཡང་བར་གྱིས་ཆོད་འདུག ཡང་གཅིག་བཤད་ན་དེ་ནི་ཞིང་སྡེའི་བཅོས་སྒྱུར་དང་འཛུགས་སྐྲུན་ལ་བསམ་བློ་མ་བཏང་བའི་མཇུག་འབྲས་རེད། གྲོང་ཁྱེར་ཅན་ལ་ཕྱོགས་པའི་སློབ་གསོ་དེས་ནི་ཏག་ཏག་ཞིང་སྡེའི་སློབ་གསོ་ཕྱོགས་ཡོངས་ནས་དཀའ་ཁག་ལ་གཏད་ཡོད། ཞིང་གྲོང་སློབ་གསོ་ལ་འགན་ཁུར་སྣ་སྒོ་གསུམ་དང་ཡང་ན་གསོ་སྐྱོང་གི་དམིགས་ཡུལ་སྣ་གསུམ་ཡོད་འོས། དང་པོ། མཐོ་རིམ་སློབ་གྲྭར་འཇོན་མི་སྐྱེལ་རྒྱུ། དེ་ནི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་ལ། ཞིང་གྲོང་གི་ན་ཆུང་རྣམས་ཀྱི་ཐོབ་ཐང་ཡང་ཡིན། གཉིས་པ། གྲོང་ཁྱེར་འཛུགས་སྐྲུན་ལ་འཇོན་མི་སྐྱེལ་རྒྱུ། དེང་ཕྱིན་གྱི་དུས་སྐབས་ངེས་ཅན་ཞིག་གི་ནང་དུ། གྲོང་ཁྱེར་འཛུགས་སྐྲུན་ལ་ཞིང་གྲོང་གི་ངལ་རྩོལ་པ་མཁོ་ལ། ཞིང་གྲོང་གི་རྣམ་པ་ཡང་གྲོང་རྡལ་ཅན་དང་གྲོང་ཁྱེར་ཅན་ལ་ཁ་ཕྱོགས་དགོས་པས། རིག་གནས་ཡོད་པའི་གྲོང་ཁྱེར་གྱི་ངལ་རྩོལ་པ་སྐྱེད་སྲིང་བྱ་རྒྱུ་ནི་ཞིང་གྲོང་སློབ་གསོ་ཡི་ཟློག་ཏུ་མེད་པའི་འོས་འགན་གལ་ཆེན་ཞིག་ཏུ་གྱུར་ཡོད། གསུམ་པ། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྲུན་ལ་དམིགས་རྒྱུ། ཞིང་སྡེའི་སློབ་གསོས་ཞིང་སྡེའི་འཛུགས་སྐྲུན་དང་བཅོས་སྒྱུར་ལ་མཁོ་བའི་འཇོན་མི་སྐྱེད་སྲིང་བྱ་རྒྱུའི་འགན་དང་དུ་ལེན་དགོས་པར་མ་ཟད། དུས་ཡུན་ངེས་ཅན་ཞིག་གི་རིང་དུ། ཞིང་སྡེའི་འཛུགས་སྐྲུན་ལ་མཁོ་བའི་འཇོན་མི་སྐྱེད་སྲིང་བྱེད་རྒྱུ་དེ་ད་དུང་རང་ས་རང་ཡུལ་གྱི་སློབ་གྲྭའི་གསོ་སྐྱོང་ལ་བརྟེན་དགོས། གོང་གི་ཞིང་སྡེའི་སློབ་གསོའི་དམིགས་འབེན་དེ་གསུམ་གར་གཞིགས་ཏེ། ཞིང་སྡེའི་སློབ་གསོའི་སྒྲིག་གཞི་གསར་པ་ངེས་པར་དུ་འཛུགས་དགོས། དེ་ཡང་སློབ་འབྲིང་གི་རྗེས་ནས་སློབ་གསོ་སྣ་སྒོ་གཉིས་མཉམ་གཅིག་ཏུ་སྤེལ་དགོས་ཏེ། གཅིག་ནི་ལས་རིགས་སློབ་གསོ་ཡིན་ཅིང་། དེས་གྲོང་ཁྱེར་འཛུགས་སྐྲུན་དང་ཞིང་སྡེ་འཛུགས་སྐྲུན་ལ་མཁོ་བའི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱ་བའམ་ཁོ་ཚོར་རྨང་གཞིའི་ལག་རྩལ་གྱི་འོས་སྦྱོང་སྤྲོད་དགོས། ཅིག་ཤོས་ནི་མཐོ་འབྲིང་སློབ་གསོ་ཡིན་ཅིང་། དེས་མཐོ་རིམ་སློབ་གྲྭར་འཇོན་མི་སྐྱེལ་དགོས་ལ། དུས་མཚུངས་སུ་ལག་རྩལ་པ་འོས་འཚམ་རེ་ཡང་སྐྱེད་སྲིང་བྱེད་དགོས།
 
གཞན་ཡང་ཞིང་སྡེ་ལ་མཚོན་ན་མ་གཞི་ནས་རང་བྱུང་བབ་ཆགས་ཀྱི་འཚོ་བ་ཞིག་དང་དྭངས་གཙང་ལྷད་མེད་ཀྱི་ཁོར་ཡུག་ཅིག་བདོག་པས། བྱིས་པ་དག་ནར་སོན་པའི་གོ་རིམ་ཁྲོད་དུ་དེ་ལྟ་བུའི་ཁོར་ཡུག་ཅིག་དང་འཚོ་བ་ཞིག་གི་ནང་རིམ་དུ་སིམ་པའི་རིག་གནས་ཤིག་གི་ཤན་ཤུགས་ཀྱང་མི་ཐེབས་ཅི་ལ་སྲིད། ཡང་གཅིག་བཤད་ན་མི་དང་རང་བྱུང་གི་འབྲེལ་ཐག་ཉེ་བའི་འཚོ་གནས་ཀྱི་རྣམ་པ་དེ་ནི་ཏག་ཏག་ཆེས་གཞི་རྩར་གྱུར་པའི་སློབ་གསོའི་གནད་ཀ་ཞིག་ཡིན་ཏེ། ས་གཞིའི་ཕང་བ་ནས་ཨ་སྔོན་གྱི་མཐོངས་དབྱིངས་ཚོར་བའི་ཁོར་ཡུག་དེས་མིའི་སེམས་སུ་མཚར་སྣང་སྐྱེ་བར་ནུས་པ་བླ་ལྷག་ཅིག་ཐོན་སྲིད། དེར་མ་ཟད་མི་དང་མིའི་བར་གྱི་འབྲེལ་བའི་ཕྱོགས་ནས་ཀྱང་དཔེར་ན། ཁྱིམ་མི་ཚང་མ་ལྷན་དུ་སྡོད་པ་དང་ཉེ་དུའི་བར་ལ་འགྲོ་འོང་མང་བ་སོགས་བརྩེ་མདངས་ཀྱིས་ཕྱུག་པའི་ཁོར་ཡུག་ཅིག་མཆིས་ལ། དེས་བྱིས་པའི་བདེ་ཐང་གི་འཚར་སྐྱེ་ལ་ཐེབས་པའི་ཤུགས་རྐྱེན་ནི་ཤ་རུས་ཀྱི་གསེང་ལ་སིམས་པ་ལྟ་བུ་ཞིག་ཡིན། དེ་ཡང་འབྱུང་སྤུས་སློབ་གསོ་ལ་གཙིགས་མཐོང་བྱ་བའི་དེང་སྐབས་སུ། ཞིང་སྡེའི་སློབ་གསོའི་ཁྱད་ཆོས་དང་ལེགས་ཆ་དེ་དག་ལ་རིན་ཐང་གཞལ་དུ་མེད་པ་ཞིག་མཆིས་ལ། གྲོང་ཁྱེར་གྱི་སློབ་གསོ་ལ་ཡང་དཔེ་སྟོན་གྱི་དོན་སྙིང་བླ་ལྷག་ཅིག་ལྡན་ཡང་། ཡིད་སྐྱོ་བ་ཞིག་ལ་ང་ཚོས་རིན་ཐང་དེ་དག་སྔར་ནས་བོར་ཚར་འདུག་པས། ངོ་མ་རྒྱ་མཚོ་གམ་ནས་བསྐྱུར་ཏེ་ཀོ་གྱོང་མཆིལ་མས་སྦང་བའི་དཔེ་ཟླར་སོང་འདུག
གསུམ། དཔེ་ཀློག་ཇི་ལྟར་བྱེད་དགོས།
 
དཔེ་ཀློག་གི་སྐོར་ནས་ལུའུ་ཞུན་གྱིས“དཔེ་ཆ་ཀློག་པ་ནི་རྒྱལ་འཇོག་པ་དང་འདྲ”ཟེར། དེ་ཡང་སྦག་རྩེར་སྤྲོ་མཁན་ཞིག་ལ་མཚོན་ན་ཉིན་མཚན་བར་མེད་དུ་སྦག་རྩེ་ངེས་ལ། མཚམས་ལན་རེར་སྤྱི་བདེ་མི་སྣས་འཛིན་བཟུང་བྱས་ནའང་གློད་བཀྲོལ་བཏང་རྗེས་མུ་མཐུད་དུ་རྩེ་བ་རེད། རྩེ་མོ་དེའི་ཆེས་ཁྱད་དུ་མཚར་བའི་གནས་ནི་ཏག་ཏག་ལག་སྣེའི་ཤོ་མིག་རེ་རེ་ལ་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་སྣ་ཚོགས་པ་ཞིག་འབྱུང་རྒྱུ་ཡོད་པ་དེ་ཡིན། དཔེ་ཆ་ཀློག་པ་ཡང་དེ་བཞིན་དུ་ཤོག་ངོས་རེ་རེས་ཁྱོད་ལ་ཤེས་རིག་གི་མཛེས་ལྗོངས་ཅི་རིགས་བསྐྲུན་ངེས་པའི་གནད་ཀ་དེ་ནི་གཙོ་བོ་རེད། དོན་གྱིས་སྦག་རྩེ་མཁན་ཞིག་ཡིན་ཕྱིན་རྒྱལ་ཕམ་ལ་དེ་འདྲའི་དོ་སྣང་མི་བྱ་བར་གཙོ་བོ་ནི་སྦག་གི་རྩེ་མོའི་ཁྲོད་ཀྱི་སྤྲོ་སྣང་ཉམས་སུ་མྱོང་རྒྱུ་དེ་རེད། གལ་ཏེ་རྒྱན་ལས་རྒྱལ་བའི་ཆེད་དུ་སྦག་རྩེ་བ་ཡིན་ན་དེ་ནི་རྒྱན་པོའི་ཁྲོད་ཀྱི་ཐ་ཤལ་ལ་བརྩི་བ་རེད། དཔེ་ཀློག་ལ་མཚོན་ན་ཡང་ཤེས་རིག་གི་གཏིང་མཐའ་བྲལ་བའི་མཇིངས་ལས་གནས་ལུགས་ཀྱི་མཐིལ་རྟོགས་པའི་སྤྲོ་སྣང་དང་མྱོང་གྲུབ་དེ་གཙོ་བ་ལས། དཔེ་ཀློག་ལ་བརྟེན་ནས་རང་ཉིད་ལ་ཁེ་ཕན་ཅི་ཞིག་བསྐྲུན་རྒྱུའི་འདུན་པ་བཅངས་པ་དེ་དཔེ་ཀློག་གི་མཐར་ཐུག་གི་དམིགས་ཡུལ་དང་དོན་སྙིང་མིན། ཀྲོའུ་ཙུའོ་རེན་གྱིས་ཀྱང་དཔེ་འདི་འདྲ་ཞིག་བཀོད་ཡོད་དེ། “དཔེ་ཆ་ཀློག་པ་ནི་དུ་རྐྱལ་ཞིག་གིས་དུ་བ་འཐེན་པ་དང་འདྲ”ཟེར། ངོ་མ་རེད་དེ་དུ་རྐྱལ་ཞིག་ལ་མཚོན་ན་དུ་བ་འཐེན་པ་ནི་དུ་བ་འཐེན་པ་ཙམ་མིན་པར་དུ་སྨིག་གི་ཀློང་ནས་བསམ་ཡན་གྱི་གཤོག་པ་རྐྱོང་བའི་སྣང་ཡུལ་གྱི་ལོངས་སྤྱོད་ཅིག་རེད། ཡིན་ན་ཡང་། ང་ཚོའི་སློབ་གསོ་དང་ཁྱད་པར་དུ་སློབ་འབྲིང་སློབ་གསོའི་ཆེས་ཆེ་བའི་ཕམ་ཁ་ནི་དེ་ལྟ་བུའི་སྤྲོ་སྣང་གིས་ཕྱུག་པའི་ལོངས་སྤྱོད་ཅིག ཁེ་ཕན་རྩོད་སྟངས་ཤིག་དང་འགན་ཁུར་ལྕི་མོ་ཞིག་ཏུ་བསྒྱུར་དང་སྒྱུར་བཞིན་པ་དེ་རེད་ལ། སློབ་མ་ཚོ་དཔེ་ཀློག་གི་ལས་ལ་ཐང་ཆད་ཅིང་སྐྲག་སྣང་སྐྱེས་སུ་བཅུག་པ་དེ་རེད་ཨང་།
 
འོ་ན་དཔེ་ཆ་ཅི་ཞིག་བཀླག་དགོས་སམ། དེ་ཡང་སྐུ་ཞབས་ལུའུ་ཞུན་གྱིས་གསུངས་པ་ཇི་བཞིན། ན་གཞོན་ཕལ་ཆེ་བས་སྐར་འབྲས་ལེན་བྱེད་ཀྱི་དཔེ་ཆ་དང་སློབ་དེབ་ལས་གཞན་པའི་དཔེ་ཆར་བལྟས་ཆོག དེ་ཡང་ཨེན་ཀེ་སི་ཡིས་རིག་རྩལ་བསྐྱར་དར་སྐབས་ཀྱི་ཤེས་ཡོན་ཅན་ལ་གདེང་འཇོག་འདི་ལྟར་བྱས་མྱོང་སྟེ། ༼འདི་ནི་དཔྱོད་ལྡན་གྱི་མི་བོ་ཆེ་བྱུང་བའི་དུས་རབས་ཤིག་རེད༽ཟེར། དེས་ན་མཁྱེན་དཔྱོད་ལྡན་པའི་མི་བོ་ཆེ་དག་ནི་ཤེས་བྱ་སྣ་མང་ལ་མཁས་ཤིང་མཛངས་པ་ཅན་དེའི་རིགས་ཡིན་པ་རེད། ད་ལྟའི་ཡོན་ཏན་པ་ཁ་ཤས་བློ་རྒྱ་དང་སྙིང་སྟོབས། མི་གཞི་སོགས་གང་གི་ཐད་ནས་ཀྱང་སྔ་རབས་པ་དག་དང་བར་ཁྱད་ཡོད་པ་དེ་གནས་སྐབས་ཙམ་གྱི་དཔེ་ཀློག་ལ་བརྟེན་ནས་གསབ་ཐུབ་པ་ཞིག་མིན་པར། ཤེས་བྱའི་སྒྲིག་གཞི་མི་འདྲ་བ་དང་རིག་ཚན་མང་པོ་དོན་གཉེར་བྱས་ཚད་ལ་རག་ལས་ཡོད་པས། དཔེ་ཆ་ཅི་ཞིག་ཀློག་པའི་གནད་དོན་དེ་ནི་དོན་དུ་རང་ཉིད་ཀྱི་ཤེས་བྱའི་སྒྲིག་གཞི་ཇི་ལྟར་འཛུགས་རྒྱུའི་གནད་དོན་ཞིག་རེད། དེ་ཡང་མདོར་ན་རང་གིས་རང་ངོ་ཟིན་པར་བྱེད་པའི་གནད་ཀ་དེ་ལ་དམིགས་ནས་རང་ཉིད་ཀྱི་ཤེས་བྱའི་སྒྲིག་གཞི་འཛུགས་རྒྱུ་དེ་གཙོ་བོར་མཐོང་སྟེ། ཀྲོའུ་ཙུའོ་རེན་གྱིས་སྣ་སྒོ་ལྔ་ནས་དཔེ་ཀློག་བྱེད་དགོས་པར་བསྟན་ཡོད།
 
དང་པོ། མི་ཞིག་ཡིན་ན་མི་རང་གི་ལུས་སེམས་ལ་རྒྱུས་ལོན་བྱེད་དགོས་པས། སྐྱེ་ཁམས་རིག་པ། (ཐོག་མར་འཁྲིག་སྤྱོད་ཀྱི་ཤེས་བྱ་ལ་སློབ་སྦྱོང་བྱེད་དགོས) སེམས་ཁམས་རིག་པ། གསོ་རིག་གི་ཤེས་བྱ་སོགས་ལ་སློབ་སྦྱོང་བྱེད་དགོས།
 
གཉིས་པ། འགྲོ་བ་མིའི་རིགས་ཤེས་རྟོགས་འབྱུང་དགོས་ན་སྐྱེ་དངོས་རིག་པ་དང་། སྤྱི་ཚོགས་རིག་པ། དམངས་སྲོལ་རིག་པ་དང་ལོ་རྒྱུས་སོགས་ལ་སློབ་སྦྱོང་བྱེད་དགོས།
གསུམ་པ། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ངོས་ཟིན་དགོས་པས། གནམ་དཔྱད། ས་ཁམས། དངོས་ལུགས། རྫས་འགྱུར་གྱི་ཤེས་བྱ་སོགས་ལ་སློབ་སྦྱོང་བྱེད་དགོས།
བཞི་པ། ཚན་རིག་གི་རྨང་གཞིའི་སྐོར་ནས་རྩིས་རིག་དང་མཚན་ཉིད་རིག་པ་ལ་སློབ་སྦྱོང་བྱེད་དགོས།
ལྔ་པ། སྒྱུ་རྩལ་གྱི་སྐོར་ནས་ལྷ་སྒྲུང་རིག་པ་དང་། བྱིས་སྒྲུང་། རྩོམ་རིག སྒྱུ་རྩལ་དང་སྒྱུ་རྩལ་གྱི་བྱུང་བ་སོགས་ལ་སློབ་སྦྱོང་བྱེད་དགོས། དཔེ་ཀློག་དང་སློབ་སྦྱོང་བྱེད་པ་ལ་བློས་གཏོང་གི་སྙིང་སྟོབས་དགོས། ཁོ་བས་རབ་འབྱམས་པའི་བསླབ་བྱ་དོན་གཉེར་བྱེད་དུས། བདག་གི་དགེ་རྒན་ཝང་ཡའོ་ལགས་ཀྱིས“ཆན་ལི་ཆུན། ཉིན་གཅིག་ལ་དུས་ཚོད་ཉེར་བཞི་ཡོད་པས། དུས་ཚོད་ཉེར་བཞི་བོ་དེ་ཁྱེད་ཀྱིས་ཇི་ལྟར་བཀོད་སྒྲིག་བྱེད་འཆར་ཡོད། དཔེ་ཀློག་གི་ཕྱོགས་ལ་དུས་ཚོད་བཀོལ་བ་མང་དྲགས་ན་ཕྱོགས་གཞན་ཞིག་ནས་གྱོང་རག་སྲིད། འོན་ཀྱང་། ཐོབ་པ་ཡོད་ན་ཤོར་བའང་ཡོད་པས་ཇི་ལྟར་བྱ”ཟེར། ཁོང་གིས་བཤད་འདོད་པ་ཡང་སློབ་སྦྱོང་གི་ཆེད་དུ་ཅི་ཞིག་བློས་གཏོང་ཐུབ་དགོས་པའི་སྙིང་སྟོབས་དེ་ག་རེད། རེད་དེ། བློས་གཏོང་གི་སྙིང་སྟོབས་ཤིག་གི་སྔོན་འགྲོའི་འོག་དཔེ་ཀློག་དང་སློབ་སྦྱོང་ལ་ད་དུང༼སིམ་འཛུལ༽བྱེད་དགོས། ཆེས་གཏིང་རིམ་དུ་སིམ་འཛུལ་བྱེད་པ་སྟེ། ཚེ་སྲོག་གི་ཆེས་གཏིང་རིམ་མམ་ལོ་རྒྱུས་ཀྱི་ཆེས་གཏིང་རིམ། རིག་གཞུང་གི་ཆེས་གཏིང་རིམ་ལ་སིམ་འཛུལ་བྱ་དགོས་པར་མ་ཟད། དུས་ཡུན་རིང་པོ་ཞིག་ལ་སིམ་འཛུལ་བྱ་དགོས། སྐབས་འཕྲལ་གྱི་བསླུ་བྲིད་ཡོད་ཚད་དོར་ནས་རྒྱང་རིང་གི་ཕུགས་འདུན་ལ་རྩེ་གཅིག་ཏུ་གཞོལ་དགོས། དེ་ལྟར་བྱས་ཚེ་ད་གཟོད་རང་ཉིད་ལ་རྨང་གཞི་འཇོག་ཐུབ། ད་གཟོད་འགྱུར་བ་སྐྱེན་པའི་སྤྱི་ཚོགས་ཀྱི་ཁྲོད་ནས་ཀྲོང་ངེར་འགྲེང་ཐུབ་པ་རེད། དེ་མིན་ཡུན་རིང་ལ༼སིམ་འཛུལ༽བྱེད་དགོས་ཞེས་པར་ནང་དོན་གཞན་ཞིག་ཀྱང་ཡོད་དེ། དེ་ནི་སློབ་སྦྱོང་གི་གོ་རིམ་ཁྲོད་ནས་གནད་དོན་ཁ་ཤས་ལ་མཉམ་འཇོག་དགོས་པ་དེ་ཡིན། ལྷག་པར་དུ་སྔོན་གྱི་བསྟན་བཅོས་དག་ཀློག་སྐབས་དཀའ་ཁག་གཉིས་ལ་འཕྲད་སྲིད། དང་པོ་ནི་བསྟན་བཅོས་གང་དེའི་དོན་གྱི་སྙིང་པོ་མི་ལོན་པ་དང་། གཉིས་པ་ནི་དོན་གྱི་སྙིང་པོ་ལོན་རྗེས་དེའི་དབང་དུ་སོང་ནས་ཕྱིར་འབུད་མི་ཐུབ་དེའོ།། གཏན་ཚིགས་ནི་ཤར་ནུབ་རིག་གནས་གང་ཞིག་ཡིན་ཀྱང་རྒྱ་ཆེ་གཏིང་ཟབ་ཅེས་པའི་ཡིག་འབྲུ་བཞིས་མཚོན་ཆོག་པས། ཁྱོད་ཀྱིས་གོ་བ་གསལ་པོ་ལོན་མེད་པའི་སྐབས་སུ་དེ་ལ་དགག་སྒྲུབ་ཅི་རིགས་བྱེད་སྲིད་ཀྱང་དོན་གྱི་སྙིང་པོ་ལོན་དུས་དེ་ལ་གོང་བཀུར་བྱེད་ངེས་ལ། ཐ་ན་ཁྱོད་རང་བསྟན་བཅོས་དེ་དག་གི་བྲན་གཡོག་ཏུ་འགྱུར་ཡང་སྲིད་པས་དེའི་རྒྱ་ལས་ཐར་མི་ཐུབ་པར་མ་ཟད། བདག་ཉིད་ཀྱི་རིན་ཐང་ཡང་འབོར་སྲིད། ངས་བལྟས་ན་དེ་འདྲར་འགྱུར་བ་ལས་མ་གཞི་ནས་དེའི་དོན་མ་གོ་ཡང་དྲག་སྙམ།
བཞི། སློབ་གསོའི་དགོངས་དོན།
 
༼འགན་འཁྲི་དང་སྒེར་ཚུགས། རང་དབང་དང་གསར་གཏོད༽བཅས་ནི་ང་ཚོས་འཚོལ་སྙེག་བྱེད་ཀྱིན་པའི་སྙིང་སྟོབས་ངོ་མ་ཞིག་ཡིན་ལ། ཤེས་ཡོན་ཅན་ངོ་མ་ཞིག་གི་སྙིང་སྟོབས་ཀྱང་དེ་རེད། མི་ཇི་ལྟ་བུ་ཞིག་བྱེད་རྒྱུ་དང་དོན་ཅི་ཞིག་སྒྲུབ་པ་ཚང་མ་ལ་འགན་འཁྲི་ཞིག་ཡོད་དགོས། འགན་འཁྲི་ལ་གོ་དོན་གསུམ་ཡོད་དེ། གཅིག་ནི་རྒྱལ་ཁབ་དང་མི་རིགས་དང་མིའི་རིགས། ལོ་རྒྱུས་དང་དུས་རབས། སྤྱི་ཚོགས། མང་ཚོགས་བཅས་ལ་འགན་འཁུར་བ་དང་། རང་ཉིད་ཀྱི་ཚེ་སྲོག་ལ་འགན་འཁུར་བ། རིག་གཞུང་ལ་འགན་འཁུར་བ་བཅས་དང་། འགན་འཁྲི་དེའི་རིགས་ནི་མི་རིགས་ཉེན་ཁ་ཆེན་པོ་ལ་འཕྲད་པའི་དུས་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལོག་ལམ་དུ་གོལ་བའི་སྐབས་སུ་ཧ་ཅང་གལ་ཆེའོ།། ད་དུང་སེམས་ལ་འཛིན་དགོས་པ་ཞིག་ལ། རང་ཉིད་ལ་འགན་ཁུར་ནས་བདག་ཉིད་ཀྱི་ཚེ་སྲོག་གི་རིན་ཐང་དང་དོན་སྙིང་མངོན་དུ་འགྱུར་བར་བརྩོན་དགོས། རང་ཉིད་ཀྱི་ཚེ་སྲོག་ལ་འགན་འཁུར་དགོས་ཟེར་བ་ཡང་དོན་དུ་དེ་འདྲར་གོ་བ་རེད། སློབ་མར་འགན་འཁུར་བའི་དགེ་རྒན་ཞིག་ཡིན་ན་རིག་གཞུང་ལ་རང་གི་སྲོག་ལྟར་གཅེས་ངེས་ལ། དེ་ལྟ་བུའི་འགན་འཁྲི་ཡོད་པའི་ཤེས་ཡོན་ཅན་དང་དགེ་རྒན་ལ་ཏག་ཏག་སྒེར་ཚུགས་ཀྱི་སྙིང་སྟོབས་དང་རང་དབང་གི་སྙིང་སྟོབས། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་རེད།
 
༡༩༤༤ལོར། ལོ་རྒྱུས་རིག་པ་མཁན་གྲགས་ཅན་ཧྥུ་སི་ཉན་གྱིས་སྲིད་འཛིན་ཁང་གི་སྲིད་གཙོ་ཁུང་ཞང་ཞི་ཡིས་གཞུང་རྒྱུ་ལྐོག་ཟ་བྱས་པའི་མཚང་བརྟོལ་བ་རེད། ཚོགས་འདུ་གྲོལ་རྗེས་ཅང་ཅེ་ཧྲི་ཡིས་ཁུང་ཞང་ཞི་ཡི་དོན་དུ་ཁོ་མགྲོན་དུ་བོས། ཅང་ཅེ་ཧྲི་ཡིས་འདྲི་རྒྱུར། ཁྱོད་ང་ལ་ཡིད་ཆེས་སམ། ཧྥུ་སི་ཉན་གྱིས་ངས་ཁྱེད་ལ་ཡིད་ཆེས་བྱེད་ལོས་ཐུབ་ཅེས་ལན་བཏབ་པར། ཅང་ཅེ་ཧྲི་ཡིས་ཡང་བསྐྱར་བཤད་རྒྱུར། ཁྱེད་རང་དངོས་གནས་ང་ལ་ཡིད་ཆེས་ཡོད་ན་ངའི་ལག་འོག་གི་མི་ལ་ཡང་ཡིད་ཆེས་ན་འགྲིག ཧྥུ་སི་ཉན་གྱིས་འཕྲལ་མར་བཤད་རྒྱུར། ཨུ་ཡོན་ཀྲང་ལ་ང་རང་ཡིད་རྟོན་ཡོད་མོད། ཁྱེད་ལ་ཡིད་རྟོན་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཁྱེད་ཀྱི་ལག་འོག་གི་མི་མཐའ་དག་ལ་ཡིད་ཆེས་ཡོད་དགོས་ཟེར་ན་ངའི་མགོ་བོ་གཅོད་དགོས་ཀྱང་དེ་ལྟར་སྨྲ་མི་ཕོད་ཟེར། གཏམ་རྒྱུད་ཐུང་ཐུང་འདི་ལས་སྙིང་སྟོབས་ཤིག་མཐོང་ཐུབ། སྙིང་སྟོབས་དེ་ནི་སྒེར་ཚུགས་ཀྱི་མི་གཞི་དང་ལ་རྒྱ། ད་དུང་དཔའ་ཉམས་བཅས་རེད་ཨང་།
ལུའུ་ཞུན་གྱིས་བཤད་རྒྱུར། ༼མཐའ་མེད་པའི་རྒྱང་རིང་གྲངས་མེད་པའི་མི་མང་ཡོད་ཚད་ང་དང་འབྲེལ་བ་ཟབ༽ཅེས་པ་ལྟར། མི་བུ་དེ་དག་གི་སེམས་ནང་དུ། མི་རིགས་ཧྲིལ་པོ་དང་མིའི་རིགས་ཡོད་ཚད། ཐ་ན་འཇིག་རྟེན་གྱི་ཚེ་སྲོག་ཐམས་ཅད་ཀྱང་རང་ཉིད་ཀྱི་ཚེ་སྲོག་དང་འབྲེལ་བ་ཟབ་པར་འདོད་པས། རྒྱལ་ཁབ་དང་མི་རིགས། མིའི་རིགས་དང་འཇིག་རྟེན་ལས་ཚེ་སྲོག་གཅིག་ཙམ་གྱི་རང་དབང་ཤོར་བས་ཀྱང་། ཁོ་ཚོ་རང་ཉིད་ཀྱི་རང་དབང་ཤོར་བའི་གདུང་སེམས་སྐྱེ་བ་རེད། ཁ་ཅིག་ན་རེ། དོན་དམ་གྱི་སྙན་ངག་པ་ཞིག་ཡིན་ན། དག་ཞིང་གི་བདེ་བ་དང་དམྱལ་ཁམས་ཀྱི་སྡུག་བསྔལ་མངོན་སུམ་མྱོང་ཐུབ་ལ། མི་གཞན་དག་དམར་གསོད་བྱེད་པ་མཐོང་ན་རང་ཉིད་དམར་གསོད་ལྟ་བུར་སྡུག་བསྔལ་ལོ་ཟེར།
མི་ཡི་གསར་གཏོད་ཀྱི་ནུས་པའི་ཚད་དེ་དོན་དུ་ཅི་ཙམ་ཡོད་དམ། དངོས་གནས་དཔོག་དཀའ་བ་ཞིག་རེད་ཨང་། ཡིན་ཀྱང་། རྒན་རབས་དག་གི་མདུན་དུ་ང་ཚོ་རང་གི་ནུས་པ་དམན་པར་བསམ་ནས་ངོ་གནོང་མི་དགོས་ཏེ། རྒྱུ་མཚན་ནི་ང་ཚོའི་རིགས་རྒྱུད་ཀྱི་ཁོང་གསེང་ན་གསར་གཏོད་ཀྱི་ནུས་པ་མེད་པ་ལར་ནས་མིན་པས། ང་ཚོ་ལའང་སྔ་རབས་པ་དག་གིས་སྒྲུབ་ནུས་པ་དག་སྒྲུབ་ཐུབ་པའི་ཕུགས་འདུན་དང་བློ་སྤོབས་ཡོད་ཆོག་ཆོག་ཡིན་ནོ།།
 


No comments:

Post a Comment