Friday, May 31, 2013

དཔྱོད་ཤེས་ཀྱིས་དྲན་འོས་པའི་མི་བུ།
རྣོ་སྦྲེང་།
——མཚོ་སྔོན་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་ནས་གཏམ་བཤད་བྱས་པ་ཡི་གེར་ཕབ་པ།

  མཚོ་སྔོན་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་རང་གྲོལ་རྗེས་དྲན་གྱི་ཚོགས་འདུ་འདི་འདྲའི་རྒྱ་ཆེ་ཞིང་གོ་རིམ་ཡོད་པ་ཞིག་སྒྲུབ་པ་དང་ང་ལ་ཆེད་དུ་འདི་འདྲའི་བགྲོ་གླེང་གི་གོ་སྐབས་ཤིག་བསྐྲུན་པ་ལ་ཐུགས་རྗེ་ཆེ་ཞུ་པ་ཡིན།
 
  སྤྱིར་ལྟོས་ས་ལྟོས་འཇོག་གིས་བཤད་ན་བོད་སྐད་ཡིག་གི་རིག་གནས་ཀྱི་རྨང་གཞིའི་སྟེང་ནས་ཅུང་རྫོང་མཐུག་ས། བག་ཆགས་རྙིང་བ་ཡི་གཏིང་ཟབ་པའི་སློབ་ཆེན་འདི་ནས་སྒེར་ཚུགས་ཀྱི་མགོ་བོ་གཞན་གྱི་རྐང་འོག་ཏུ་མི་འཇོག་ཞིང་། རིགས་ཞེན་གྱི་འདུ་ཤེས་ནམ་ཡང་དོར་མ་མྱོང་བའི་བོད་ཀྱི་མི་བུ་རང་གྲོལ་ལགས་ལ་རྗེས་དྲན་ཞུ་པ་ནི་དགའ་འོས་པའི་ལས་དོན་ཞིག་ཅི་ལ་མ་ཡིན། ཡིན་ནའང་། འུ་ཚོས་རང་གྲོལ་གང་ཉིད་དྲན་ནས་མིག་ཆུ་འཐོར་འགྲོ་ཁད་འདྲ་འདྲ། ཞེ་སེམས་སྨྲེང་འགྲོ་ཁད་འདྲ་འདྲ་བྱས་ནས་སྙན་ངག་གྱེར་འདོན་རེ་བྱས་ཏེ་རྗེས་དྲན་འགྲུབ་པར་བྱས་ན་ལས་དོན་ཡེ་ནས་འགྲུབ་ཡོད་ས་མ་རེད། དེ་ལྟ་ན། འུ་ཚོས་ཅིའི་ཕྱིར་རང་གྲོལ་དྲན་པ་དང་ཅི་ལྟར་དྲན་པའི་སྐོར་ལ་ལྟ་ཚུལ་མོད་པོ་གློད་ན་འགྲིག་ས་རེད། སྐུ་ཞབས་རང་གྲོལ་གྱི་ལོ་རྒྱུས་རགས་བསྡུས་དང་ཁོང་གི་བརྩམས་ཆོས་དག་ལ་རྩོམ་རིག་ལས་ཀ་གཉེར་མཁན་ཞིག་ཡིན་ན་སུས་ཀྱང་ཁ་བཤད་མྱིག་བལྟ་བྱས་ཡོད་ནི་རེད།དེ་མཚུངས་སུ་ཁོང་གི་སྒེར་ཚུགས་དང་དོགས་སློང་གི་སྙིང་སྟོབས་ཐད་ལ་ཡང་ཀུན་པོར་གསལ་ཆ་རགས་རམ་ཡོད་ནི་རེད།
  སྐུ་ཞབས་ཁོ་རང་འདས་ནས་མི་ལོ་ཉེར་བཞི་འགོར་བའི་དེ་རིང་ཡང་འདི་འདྲའི་དགེ་སློབ་མང་དག་ཅིག་གིས་ཁོང་ཉིད་དྲན་དོན་ག་རེ་ཡིན་ནམ། དེ་ནི་ང་རང་སྐྱེས་བུ་སྒེར་གྱིས་བལྟས་ན་ཏག་ཏག་ཁོང་གི་དཔྱོད་ཤེས་ཀྱི་མགོ་བོ་མཐོན་པོ་གཞན་གྱི་རྐང་བའི་འོག་ཏུ་བཞག་མ་མྱོང་བས་ཡིན་རྒྱུ་རེད། མདོར་ན་རྨོངས་འཐོམ་གྱི་དུས་རབས་ཤིག་གི་ནང་ལ་རང་ཉིད་མྱི་ཡིན་པ་ཁ་ངོ་འཕྲོད་སོང་བས་ཡིན་རྒྱུ་རེད། དུས་དེ་རིང་འུ་ཚོས་རང་གྲོལ་གྱི་བདེན་གླེང་གི་ཡོད་ནི་རེད། དུས་དེ་རིང་འུ་ཚོས་རང་གྲོལ་གྱི་དགེ་གླེང་གི་ཡོད་ནི་རེད།
 
  གལ་ཏེ་སྐུ་ཞབས་ཁོང་སློབ་གྲོགས་ཚོའི་གྲས་ན་བཞུགས་པའི་དབང་དུ་གཏོང་རྒྱུ་ན་ཁོ་རང་དགེ་རྒན་གྱི་ཅི་གསུང་ཐམས་ཅད་ཚད་མར་བཀུར་བའི་དགེ་རྒན་ཚོའི་མིག་ལམ་གྱི་སློབ་མ་ཡ་རབས་དེའི་རིགས་ཡིན་སྲིད་ནི་མ་རེད། རྒྱུ་མཚན་ག་རེ་རེད་ཟེར་ན། ཁོ་ལ་དོགས་སློང་གི་མིག་ཟུང་ཡོད་པས། ཁོ་ལ་གྱེན་ལོག་གི་སྙིང་སྟོབས་ཡོད་པས། ཁོས་དེ་ལྟར་ཏག་ཏག་བྱེད་སྲིད་ནི་མ་རེད། འདིར་བཞུགས་ཀྱི་སློབ་གྲོགས་ཚོས་ཁོང་གི་ཁྱད་འཕགས་ཀྱི་ཆ་གླེང་སྟེ་དྲན་གདུང་དང་མྱ་ངན་ཞུ་བཞིན་ཡོད་ནི་རེད་མོད། གནད་ཀ་ནི་འདི་ན་སྟེ། ཁོའི་དོགས་སློང་གི་སྙིང་སྟོབས་དང་གྱེན་ལོག་གི་སྙིང་སྟོབས་རང་སྟེང་ལ་སྦྱོར་ཐུབ་ཀྱིན་ཡོད་མེད་དེ་རེད། དེའི་ཕྱིར་འུ་ཚོས་མིག་ཆུ་ཕུད་ཁད་འདྲ་འདྲ། དངན་པ་འཐེན་ཁད་འདྲ་འདྲ་བྱེད་པ་ལས། སྐྱེས་བུ་དམ་པ་ཁོང་གི་དོགས་སློང་གི་སྙིང་སྟོབས་དང་གྱེན་ལོག་གི་སྙིང་སྟོབས་སོགས་རང་སྟེང་ལ་ལེན་ཐུབ་ཚེ།
 
  དེ་ནི་ད་གཟོད་ངས་བཤད་ཀྱིན་པའི་དཔྱོད་ཤེས་ཀྱི་དྲན་སྟངས་རེད་འདོད།གཞན་ལ་ཤས་ཀྱིས་ཁོང་གི་བརྩམས་ཆོས་གཤིབ་བསྡུར་བྱས་ཏེ་ཁོ་ནི་དེང་སྲོལ་གཉིས་ཀྱི་མཚམས་ན་ཕྱོགས་ཡོངས་ཧ་གོ་ཡོད་པའི་དབུ་སྨྲ་བའི་གྲས་སུ་བཙན་གྱིས་བརྫངས་ཤིང་། སྤྲུལ་སྐུ་རྫུན་མ་ལས་ངོ་མ་ལ་དགག་མཁན་ཞིག་མིན་པར་བསྔགས་ཏེ་བར་མ་སྐབས་ན་བསྟོད་པའི་ལྷ་དར་རིང་མོ་འཐེན་བཞིན་ཡོད་ན་ཡང་། ངས་ནི་འདི་ལྟར་གླེང་གི་ཡོད་དེ། ཁོང་སྤྲུལ་སྐུའི་ལམ་ལུགས་ལ་དགག་པ་གནང་མཁན་གྱི་ཡང་འགྲེལ་ལུགས་མཐུན་མ་ཞིག་རྒྱག་དགོས་དོན་མི་འདུག་ལ། ཁོའི་རིག་གནས་ལྟ་ཚུལ་མཐའ་དག་འུ་ཚོའི་བདེན་པའི་དཔང་བོར་ཡང་བཞག་ཆོག་གི་མ་རེད། གཏན་ཚིགས་ནི་སྐུ་ཞབས་ཁོང་གི་སྐབས་ཀྱི་རིག་གནས་དགག་བཞག་གིས་འུ་ཚོའི་ཡིད་ཚིམ་གི་མ་རེད། གཏན་ཚིགས་ནི་སྐུ་ཞབས་ཁོང་གི་སྐབས་ཀྱི་རིག་གནས་དགག་བཞག་གིས་འུ་ཚོའི་ཞེ་བློ་ཚིམ་ཐུབ་ནི་མ་རེད། གལ་ཏེ་ཁོའི་རིག་གནས་དགག་བཞག་གིས་འུ་ཚོས་ཡིད་ཚིམ་སྟེ་བདེན་པའི་རྒྱབ་རི་འཁྲུལ་མེད་དུ་འདོད་མཁན་ཡོད་ཚེ།
 
  དེ་ནི་བསམ་བློ་རིག་གནས་ཀྱི་ངོས་ནས་བཤད་ན་འཕེལ་རྒྱས་དང་རེ་བ་མེད་པའི་རྟགས་རེད། འདི་ནི་ངས་ཧ་ཅང་སྒེར་གཅོད་ཀྱིས་བཤད་པ་ཡིན། སྐད་ཆ་འཕྲོས་ནས་བཤད་ན་འདིར་བཞུགས་ཀྱི་དགེ་རྒན་ཆེན་མོའི་གྲས་ན་རང་ཉིད་ཚད་ཤིང་དུ་རློམ་མཁན་ཧ་ཅང་མང་ལ། རང་ཉིད་ནི་ཕྱོགས་སྟོན་འཁོར་ལོ་ཡིན་པའི་བསམ་བློ་དགེ་རྒན་མང་པོའི་ཀུན་གཞིའི་གསེབ་ན་ཡོད་ས་རེད། འོན་ཏེ་འུ་ཚོས་ཤེས་དགོས་པ་ཞིག་ལ་སློབ་གྲྭ་ནི་སློབ་མ་གཙོ་བོ་དང་དགེ་རྒན་ཕལ་བར་འཁྲབ་སའི་རིག་གནས་ཀྱི་སྟེགས་བུ་ཞིག་ཡིན་པ་ལས། དགེ་རྒན་སྔུན་ལ་འགྲོ་བ་དང་སློབ་མ་རྗེས་ལ་འདེད་དགོས་པའི་རིག་གནས་ཀྱི་ཁོར་ཡུག་ཅིག་མ་རེད། མ་རེད་མོད། སློབ་གྲྭ་འདི་གཏོགས་པའི་སློབ་གྲྭ་མང་དག་ཅིག་ལ་ལམ་ལུགས་འདི་ཆགས་འདུག་ལ། ད་དུང་དགེ་མཚན་ཞིག་ལ་ཡང་བརྩི་བཞིན་འདུག སྤྱིར་ན་ཡར་བལྟ་མར་བལྟ་ལས་ཕར་བལྟ་ཚུར་བལྟ་བྱེད་མི་ཐུབ་པའི་འུ་ཚོའི་དགེ་སློབ་བར་གྱི་འབྲེལ་བ་འདི་འདྲ་ཞིག་གི་བར་ནས། གོང་གི་དགེ་རྒན་དག་ལ་རང་ཉིད་ནི་རབ་དང་ཕུལ་ལོ་སྙམ་པའི་འདུ་ཤེས་དེ་སྐྱེས་ནི་ཡིན་རྒྱུ་རེད། སྐད་ཆ་ཕྱིར་འཕྲོས་ན། དཔེ་ཆུང་ཆུང་འདི་ལྟ་བུ་ཞིག་གི་ངོས་ནས་འུ་ཚོས་སྐུ་ཞབས་རང་གྲོལ་གྱི་དོགས་སློང་དང་གྱེན་ལོག་གི་སྙིང་སྟོབས་གཡར་དགོས་ས་རེད།
 
  འདི་ལྟར་བྱས་ཚེ་འུ་ཚོས་སྐྱེས་བུ་ཁོང་དཔྱོད་ཤེས་ཀྱི་སྒོ་ནས་དྲན་ནི་ཡིན་རྒྱུ་རེད་སྙམ། དེ་ལྟ་དེ་ལྟར། འུ་ཚོས་སྐྱེས་བུ་ཁོང་གི་དོགས་སློང་དང་གྱེན་ལོག་སྙིང་སྟོབས་དྲན་ཞོར་གཡར་ཞོར་སྣ་མང་རིག་གནས་སམ་ཡང་ན་མི་སྒེར་བ་རང་གི་ལམ་བུར་བསྐྱོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་བཤད་ཚར་སོང་། བཀའ་དྲིན་ཆེ།
 
༼ཐལ་མོའི་རྡེབ་སྒྲ༽


No comments:

Post a Comment